ལྷ་མོའི་བསྟོད་པ་ཏིལ་མར།

Wikipedia ལས།

༈ ལྷ་མོའི་བསྟོད་པ་ཏིལ་མར་ནི།


བྷྱོཾཿ ཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཆང་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང་། །རྒྱན་དུ་རྐང་སྒྲོག་ལྕགས་ལ་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ།།གཅེར་བུ་བོང་བུ་བཞོན་ནས་འགྲོ་བ་འདི་ན་རྒྱུ་བ་འདི་ནི་ལྷ་མོ་ཁྱོད་ཉིད་ཀྱིས། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིགས་པའི་ཚེ་ན་མི་ལུས་དག་ལ་ཁྲག་དང་ཞག་འཛག་དུད་པར་འཐུལ་བས་ན། །ལྷ་མོ་ཆེ་བ་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་དེ་དུར་ཁྲོད་དགྱེས། ཁྱོད་ནི་གཡོན་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་པ་སེལ་ཞིང་མི་བཟད་དྲིལ་ཡང་སྒྲོག། །ཁྱོད་ནི་དཔའ་བོ་བདག་གི་མགོ་བོའི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །འཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་གཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པ་ཡིས། །སྐེ་རགས་འཆིང་ཞིང་ཤཀྟི་མདུང་དང་རལ་གྲི་ཐོགས་ལ་ཁྲག་དང་ཆང་གིས་མྱོས་གྱུར་པ། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང་། །ཀོ་རློན་ཆེན་པོ་དྲལ་ཏེ་རྒྱངས་པའི་གོས་ཀྱིས་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེས་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་གྱིས་བདག་ལ་སྐྱོང་གྱུར་ཅིག། །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱེད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབ་ལ་རྔམས་པ་འདོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་ནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཞབས་ལ་ཉིན་རེ་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་འདུད། །མི་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བརྟུལ་ནས་ནི་ཁྱོད་ཀྱི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་རྒྱབ་ནས་ཁྱོད་ལ་བརྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོས་མཐའ་བསྐོར་ས་གཞི་མ་ལུས་གནོན། །སྟེང་ནས་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་ཤར། །བྷོ་རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཆེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་གྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་འདུད། །དཔལ་ལྡན་གསང་ཆེན་མེ་འབར་དུད་སོལ་མ། །མི་ཕམ་ཁམས་གསུམ་ཟིལ་གནོན་འདོད་དབང་མ། །ཕྱི་ནང་གསང་བའི་གདོན་བགེགས་རིམས་ལ་སོགས། །དྲན་པ་ཙམ་གྱིས་སྐྱོབ་ཅིང་རབ་ཞི་བའི། །གཡར་དམ་གཉན་པོར་དེང་དུས་བརྩེར་དགོངས་ཤིག། །།