ལྷ་བབས་དུས་ཆེན།

Wikipedia ལས།

ཟླཝ་ ༩ པའི་ཚེས་ ༢༢ ཀྱི་ཉིནམ་འདི་ བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ སྟེང་ལྷ་ཡུལ་ལས་ འཇིག་རྟེན་མི་ཡུལ་ལུ་བབས་ཏེ་བྱོན་པའི་ལྷ་བབས་དུས་ཆེན་ཨིན།

དེ་ཡང་ སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཏེ་ བདུན་ཕྲག་གཅིག་གི་ཤུལ་ལུ་ ཡུམ་སྒྱུ་མ་ལྷ་མཛེས་འདི་གཤགས་སོ་ནུག། སངས་རྒྱས་ཀྱིས་ཡུམ་ལུ་དྲིན་ལན་འཇལ་ནིའི་ཐུགས་བཞེད་ག་དེ་སྦེ་གནང་རུང་ མཛད་ཐབས་ཅིག་གཞན་ག་ནི་ཡང་མ་བྱུང་པར་ལུས་ས་ལས་ ཤུལ་མར་ཡུམ་སྒྱུ་མ་ལྷ་མཛེས་ སྟེང་ལྷ་ཡུལ་སུམ་ཅུ་རྩ་གསུམ་པའི་ལྷ་གནས་ལུ་ སྐྱེ་བ་བཞེས་ཏེ་བཞུགས་ཡོདཔ་མཁྱེན་ཆི་ནུག།

དེ་ལས་ སངས་རྒྱས་ཁོ་ར་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ ལོ་དྲུག་གི་ཤུལ་ལུ་ དགུང་ལོ་ ༤༡ བཞེས་པའི་ཆུ་སྟོད་ཟླ་བའམ་ ཧོར་ཟླ་ ༦ པའི་ཚེས་ ༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ནིའི་དོན་ལུ་ ཆོས་གསུང་པར་བྱོན་ནུག། ཚེས་ ༡༦ ལས་འགོ་བཟུང་སྟེ་ སྐྱེད་ཚལ་ཀོ་བི་ད་རའི་དྲུང་དུ་ དབྱར་གནས་ཟླཝ་གསུམ་བཞུགས་པར་ཞལ་བཞེས་མཛད་དེ་ ལ་བ་དཀར་པོའི་རྡོ་ལེབ་ཀྱི་ཐོག་ལུ་བཞུགས་ཞིནམ་ལས་ ཡུམ་གྱིས་གཙོས་པའི་ལྷ་དང་ལྷ་མོ་ཚུ་ལུ་ ཆོས་འཁོར་བསྐོར་སྦེ་བཞུགས་ནུག།

དེ་བསྒང་ འཇིག་རྟེན་མི་ཡུལ་ལུ་ མིའི་འཁོར་དགེ་བསྙེན་ཕ་མ་གཉིས་དང་ དགེ་སློང་ཕ་མ་གཉིས་ཏེ་འཁོར་རྣམ་པ་བཞི་དང་ སྦྱིན་བདག་ཆོས་རྒྱལ་གཟུགས་ཅན་སྙིང་པོ་སོགས་ སངས་རྒྱས་མཇལ་བའི་གོ་སྐབས་མ་ཐོབ་པར་ མུན་པའི་བསྐལ་པ་བཟུམ་ཅིག་ནང་སྡོད་དགོཔ་བྱུང་ནུག། ག་ར་གིས་ཉན་ཐོས་མཆོག་ཟུང་གཉིས་ལུ་ཞུཝ་ད་ ཤཱ་རི་བུ་གིས་མངོན་ཤེས་ཀྱིས་གཟིགས་ཏེ་ སངས་རྒྱས་ལྷ་ཡུལ་ལུ་བཞུགསཔ་མཁྱེན་ཞིན་ན་ རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པ་མོའུ་འགལ་གྱི་བུ་ལུ་ ག་ར་གིས་སངས་རྒྱས་ལོག་སྟེ་ མི་ཡུལ་ལུ་གདན་འདྲེན་ཞུ་བར་འབྱོན་གནང་ཟེར་གསོལཝ་བཏབ་ནུག། ཁོ་གིས་ཡང་ཞལ་གྱིས་བཞེས་ཏེ་མོའུ་འགལ་གྱི་བུ་གིས་ཟླ་ ༩ པའི་ཚེས་བཅོ་ལྔ་ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་བྱོན་ཞིན་ན་ སངས་རྒྱས་ལུ་གསོལ་བ་བཏབཔ་ད་ སངས་རྒྱས་ཀྱིས་ཡང་ ཞག་བདུན་གྱི་ཤུལ་ལུ་འཛམ་བུ་གླིང་ལུ་ ལོག་འབྱོན་ནི་གི་ཞལ་བཞེས་མཛད་གནང་ནུག།

དེ་བཞིན་དུ་སྦེ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ སྟོན་ཟླ་འབྲིང་པོ་ཐ་སྐར་ཟླ་བའམ་ཧོར་ཟླ་ ༩ པའི་ཚེས་ ༢༢ ལུ་ མི་ཡུལ་ལུ་འབྱོན་ནི་འབདཝ་ད་ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ དབུས་སུ་བཻ་ཌཱུརྱའི་བད་སྐས་རིངམོ་ཅིག་དང་ གཡས་ཁ་ཐུག་གསེར་གྱི་བད་སྐས་རིངམོ་ཅིག་ གཡོན་ཁ་ཐུག་ལུ་ དངུལ་གྱི་བད་སྐས་རིངམོ་ཅིག་བཙུགས་སྦེ་ཕུལ་མི་གི་ དབུས་ཀྱི་བད་སྐས་ལས་ སངས་རྒྱས་བཅོམ་ལྡན་འདས་དང་ གཡས་ཀྱི་བད་སྐས་ལས་ ལྷ་ཚངས་པ་གིས་རྔ་ཡབ་དཀར་པོ་བཅོམ་ལྡན་འདས་ལུ་བསིལ་ཡབ་ཕུལ། གཡོན་གྱི་བད་སྐས་ལས་མར་ ལྷའི་དབང་པོ་བརྒྱ་བྱིན་གྱིས་ གདུགས་དཀར་པོ་བཅོམ་ལྡན་འདས་ཀྱི་དབུ་ལུ་ཕུལ་བཞིན་དུ་ འཁོར་ལྷ་དང་ལྷ་མོ་ཚུ་གིས་མཆོད་སྤྲིན་དང་བཅས་ཏེ་ གྲོང་ཁྱེར་ཤཱང་ཀ་ཤའི་འགྲམ་དུ་ མེ་ཏོག་ཨུ་དུམ་ཝ་རའི་ནགས་ཚལ་ནང་ འཁོར་ལྷ་དང་མི་ཚུ་ག་ར་འཛོམས་སར་བབས་ཏེ་བྱོན་གནང་ནུག།

དེ་བསྒང་འཁོར་རྣམ་པ་བཞི་དང་ རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ མིའི་གདུལ་བྱ་ཚུ་ག་ར་ དགའ་སྤྲོ་ཚད་མེད་ངང་ལས་ཕེབས་བསུ་དང་ ཕྱག་དང་བསྐོར་བ་གསོལ་འདེབས་དང་ བསྙེན་ཀུར་ཞབས་ཏོག་ཚད་མེད་པར་ཞུཝ་མ་ཚད་ ཉིནམ་དེ་ལུ་ མ་འོངས་པའི་སེམས་ཅན་ཚུ་ དགེ་བ་དང་བསོད་ནམས་གསོག་པའི་ དུས་ཆེན་བཟང་པོར་བྱིན་གྱིས་བརླབས་ཏེ་གནངམ་བཞིན་དུ་ དུས་བཟང་འདི་ལུ་དགེ་སྦྱོར་གྱི་བྱ་བ་ག་ཅི་བསྒྲུབས་རུང་ ཕན་ཡོན་གྱི་འགྱུར་ཁྱད་སྦོམ་ཡོདཔ་ཨིན།

ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ཡང་ ནང་པ་སངས་རྒྱས་པའི་ཆོས་ལྡན་རྒྱལ་ཁབ་ཅིག་འབད་ནི་འདི་གིས་ དེའི་ཉིན་མར་གཞུང་འབྲེལ་ངལ་གསོ་སྦེ་ གསལ་བསྒྲགས་གནང་ཡོདཔ་བཞིན་དུ་ དེ་བཟུམ་མའི་དུས་ཆེན་སྐབས་ལུ་ ག་ར་འབད་རུང་འཇིག་རྟེན་གྱི་ལཱ་ཚུ་བཞག་སྟེ་ བསོད་ནམས་གསག་པའི་དགེ་བ་ ཆེ་ཕྲ་གང་ལྕོགས་བསྒྲུབ་གནང་དགོཔ་གལ་ཆེ།།

"https://dz.wikipedia.org/w/index.php?title=ལྷ་བབས་དུས་ཆེན།&oldid=29209" ལས་ སླར་འདྲེན་འབད་ཡོདཔ།