ལ་འདི་བཀྲིས་ལ་མོའི་ལ་གཞོལ་ན། ༼རྫོང་ཁའི་ཞབས་ཁྲ།༽

Wikipedia ལས།

༉ ལ་འདི་བཀྲིས་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་ཨ་རུ་བ་རུ་འཁྲུངས།། འདི་ལ་འཁོར་བ་གསེར་བྱ་ཟུང་གཅིག་འཁོར།། གསེར་བྱ་རང་ཡང་མི་སྡོད་འཕུར་འགྲོ་གེ། ཡར་ཡར་ཆོས་འཁོར་ལྷ་སར་འཕུར་འགྲོ་གེ།། བླ་མ་ཤཱ་ཀྱ་མུ་ཎེ་ཞབས་སར་འཕུར།། ཡབ་ཆེན་ཨ་པའི་ལས་སྒྲིབ་འདི་གིས་དག། གསེར་བྱ་རང་གི་བསམ་པ་འདི་གིས་རྫོགས།། ལ་འདི་ཚེ་རིང་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་བ་ལུ་སུ་ལུ་འཁྲུངས།། འདི་ལ་འཁོར་བ་དངུལ་བྱ་ཟུང་གཅིག་འཁོར།། དངུལ་བྱ་རང་ཡང་མི་སྡོད་འཕུར་འགྲོ་གེ།། ཡར་ཡར་ལྷོ་བྲག་མཁར་ཆུར་འཕུར་འགྲོ་གེ།། བླ་མ་ནམ་མཁའི་སྙིང་པོའི་ཞབས་སར་འཕུར།། ཡུམ་ཆེན་ཨ་མའི་ལས་སྒྲིབ་འདི་གིས་དག། དངུལ་བྱ་རང་གི་བསམ་པ་འདི་གིས་རྫོགས།། ལ་འདི་རྡོ་སྐྱོང་ལ་མོའི་ལ་གཞོལ་ན།། ཤིང་ལ་འཁྲུངས་པ་ལྷ་ཤིང་ཤུགས་པོ་འཁྲུངས།། འདི་ལ་འཁོར་བ་ཁུ་བྱུག་ཟུང་གཅིག་འཁོར།། ཁུ་བྱུག་རང་ཡང་མི་སྡོད་འཕུར་འགྲོ་གེ།། ཕར་ཕར་སྤུངས་ཐང་བདེ་ཆེན་འཕུར་འགྲོ་གེ།། བླ་མ་ངག་དབང་རྣམ་རྒྱལ་ཞབས་སར་འཕུར།། མཉམ་རོགས་གཞོན་པའི་ལས་སྒྲིབ་འདི་གིས་དག། ཁུ་བྱུག་རང་གི་བསམ་པ་འདི་གིས་རྫོགས།། །།