རྡོ་སྦྱིས་རྫོང་།

Wikipedia ལས།

འབྲུག་རྒྱལ་ཁབ་འདི་ སྔོན་བྱོན་རྒྱལ་བ་གོངམ་དངབླམ་དགེ་བའི་བཤེས་གཉེན་ཚུ་གིས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་ཏེ་རྫོང་གཞིས་དང་ ལྷ་ཁང་མང་རབས་ཅིག་བཞེངས་གནང་སྟེ་ཡོད། རྫོང་གཞིས་དང་ལྷ་ཁང་ལེ་ཤ་བཞེངས་གནང་ཡོད་པའི་ནང་ལས་ གཅིག་འདི་སྤ་རོ་རྫོང་ཁག་ནང་ཆགས་ཡོད་པའི་རྡོ་སྦྱིས་རྫོང་དེ་ཨིན། རྫོང་དེ་སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ལས་ ཆུ་འཛོམས་བརྒྱུད་དེ་ཧཱ་ལུ་འགྱོ་སའི་གཞུང་ལམ་ཀི་ལོ་མི་ཊར་ ༡༡ དེ་ཅིག་གི་ས་ཁར་ག་ནི་བ་མཛེས་ཆ་དང་ལྡནམ་སྦེ་ཆགས་ཏེ་ཡོད། རྫོང་དེརྒྱ་མཚོའི་ཁ་ལས་མཐོ་ཚད་ཕིཊ་ ༦༦༠༠ གི་ས་ཁར སྤ་རོ་ཆ་འོག་རྡོ་དཀར་རྒེད་འོག་གི་མངའ་འོག་ལུ་ཆགས་ཏེ་འདུག། རྫོང་གི་ཆགས་ཐངས་དེ་ཡང་ རི་སྦོམ་ཅིག་གི་གདོང་ཕྱོགས་ཀྱི་ལུངམ་དེ་ནང་ག་ནི་བ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ཚུགས་དོ་ཡོདཔ་ཨིན།

བྱུང་རབས།

སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་འབྲུག་རྒྱལ་ཁབ་ནང་གི་རྫོང་གཞི་དང་ལྷ་ཁང་ མཐའ་ན་ས་གནས་ཀྱི་མིང་ཚུ་ཡང་མང་ཤོས་ར་ ཁུངས་དང་རྒྱུ་མཚན་དང་འཁྲིལ་ཏེ་བཏགས་གནང་དོ་ཡོདཔ་ཨིན་མས། དེ་གིས་སྦེ་ རྡོ་སྦྱིས་ཟེར་བའི་མིང་གི་ཐ་སྙད་དེ་ཡང་ Bhutan.la (གནམ་ལོ་དང་སྤྱི་ལོ་མེད་) ནང་ལས་ ཧེ་མ་འབད་བ་ཅིན་རྡོ་སྦྱིས་མེན་པར་རྡོ་དཀར་ཟེར་སླབ་སྲོལ་ཡོདཔ་ཨིན་མས། རྡོ་དཀར་ཟེར་སླབ་དགོ་པའི་ཁུངས་དེ་ཡང་ གཡུས་དེ་ནང་སྒོ་ནོར་སེམས་ཅན་བ་གི་ཚད་སྦེ་ལྔ་ཡོདཔ་ཨིན་མས། ཨིན་རུང་ ཤུལ་ལས་མིང་གི་ཐ་སྙད་འདི་ཉམས་འགྱོ་སྟེ་ གཡུས་འདི་ནང་གི་མིང་ལུ་རྡོ་སྦྱིས་ཟེར་དར་ཁྱབ་ཡར་སོང་ཡོདཔ་ཨིན་མས། Marvellous Bhutan Travel (གནམ་ལོ་དང་སྤྱི་ལོ་མེད་) གིས་འབད་བ་ཅིན་ རྡོ་སྦྱི་རྫོང་འདི་སྤྱི་ལོ་ ༡༥༣༡ ནང་བླམ་ངག་དབང་ཆོས་རྒྱལ་གྱིས་བཞེངས་གནང་གནངམ་ཨིན་མས། དེ་ཡང་ བླམ་ཁོ་རའི་ལུང་བསྟན་དང་འཁྲིལ་ཏེ་ འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་དེ་དར་ཁྱབ་བཏང་ནིའི་ལྟེ་བ་གཅིག་གཞི་བཙུགས་གནང་ནིའི་དོན་ལུ་ བོད་ར་ལུང་ལས་རྗེ་བཙན་མི་ལ་རས་པའི་གསེར་ཁྲི་འོག་ལས་བྱོན་པའི་ཆུ་མིག་དེ་རྗེས་སུ་འབྲངས་ཏེ་འོངསམ་ད་ལུ་ རྡོ་དཀར་སྤོ་ཏོ་གི་རྡོ་གཅིག་ནང་ལས་ཐོན་འོངསམ་ལས་བརྟེན་ཏེ་ ས་གནས་དེ་འབྲུག་པ་བཀའ་བརྒྱུད་ཀྱི་ལྟེ་བ་བཞེངས་གནང་ནི་སྦེ་ངོས་འཛིན་གནང་ཡོདཔ་ཨིན་མས། ལྟེ་བ་དེ་བཞེངས་ནིའི་དོན་ལུ་ བླམ་ངག་དབང་ཆོས་རྒྱལ་གྱིས་ཁོ་དང་ཅིག་ཁར་ བོད་རཱ་ལུང་ལས་དབུ་རྩེ་བཞེངས་ནིའི་དོན་ལུ་ ཤིང་བཟོ་བོ་དང་རྡོ་བཟོ་བོ་ ༡༠༠ ཁྱིད་དེ་བྱོན་ཡོདཔ་ཨིན་མས། ལྟེ་བ་དེ་གི་མཚན་ཡང་ རྡོ་དཀར་འབྲུག་ཆོས་འཁོར་ཐང་ཟེར་གསོལ་ཡོདཔ་ཨིན་མས། ཤུལ་ལས་ཧཱུཾ་རལ་རྫོང་དེ་ བླམ་དྲུང་དྲུང་གིས་བཞེངས་པའི་ཤུལ་ལུ་ རྡོ་སྦྱིས་རྫོང་དེ་དགོན་སྡེ་ཚུ་ལུ་གནམ་དགུན་གྱི་དབེན་གནས་ཅིག་སྦེ་ ལག་ལེན་འཐབ་སྟེ་སྡོད་ཡོདཔ་ཨིན་མས། དུས་དེ་ལས་ཚུར་ རྫོང་དང་ས་གནས་དེ་ཁར་ཡོད་པའི་མི་སེར་ཚུ་ལས་ ཁྲལ་ལ་སོགས་པ་བསྡུ་ནིའི་དོན་ལུ་ རྡོ་སྦྱིས་དཔོན་སློབ་ཟེར་བཀལ་གནང་ཡོདཔ་ཨིན་མས། དེ་མ་ཚད་Drukasia (གནམ་ལོ་མེད་ ༢༠༢༡) གིས་འབད་བ་ཅིན་ རྫོང་དེ་དཔོན་སློབ་ཀྱི་གཟིམ་ཅུང་དང་ཤུལ་ལས་ སྤྱི་ལོ་ ༡༩༧༦ ནང་བཙོན་ཁང་ལྟེ་བ་སྦེ་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། ད་རུང་Marvellous Bhutan Travel (གནམ་ལོ་དང་སྤྱི་ལོ་མེད་) གིས་འབད་བ་ཅིན་ ལོ་ངོ་བཅུ་ཕྲག་གི་ཧེ་མ་ རྒྱལ་ཁབ་ནང་ལུ་ས་ཡོམ་ཤུགས་སྦེ་རྐྱབ་པའི་རྐྱེན་ངན་ནང་ལུ་རྫོང་དེ་ཉམས་ཆག་ཤོར་ཡོདཔ་ཨིན་མས། ཨིན་རུང་ དབུ་རྩེ་དེ་ཉམས་ཆག་ག་ནི་ཡང་མེད་པར་ལུས་ཡོདཔ་ཨིན་མས། དེ་ཡང་དབུ་རྩེ་གི་ཐོག་ཁ་ལུ་གཏེར་མའི་སྐུ་གུ་རུ་གླང་དར་ཅན་བཞུགས་ཡོད་ནི་འདི་གིས་ཨིན་ཟེར་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་མས། དེ་མ་ཚད་ སྐུ་དེ་ཧེ་མ་བོད་ཀྱི་རྒྱལ་པོ་བདུད་གླང་དར་མ་གི་སྐབས་ལུ་ ཁོ་གིས་བོད་དང་རྒྱལ་ཁབ་སོ་སོ་ཚུ་ནང་ལས་ཕར་ ཆོས་ཀྱི་བསྟན་པ་ཚུ་ཐལ་བར་བརླགས་པའི་དུས་ལུ་ སྐུ་དེ་གི་སྙན་ལུ་ཐོཝ་བརྡུང་ནི་འབད་བའི་སྐབས་ལུ་ གསུང་བྱོན་བྱོནམ་ཨིན་ཟེར་དད་པ་བསྐྱེད་དོ་ཡོདཔ་ཨིན་མས།

བཤད་པ།

སྤྱིར་བཏང་རྫོང་དེ་་མི་ག་ར་གིས་དད་པ་དང་དམ་ཚིག་མ་ཉམས་པར་བསྲུངས་ཡོད་པའི་གནས་ཅིག་ཨིན། དེ་ཡང་རྫོང་གཞིས་ཚུ་མང་ཤོས་ར་རི་མཐོ་བ་དང་གཙང་ཆུ་ཚུ་གིས་བསྐོར་ཏེ་ཡོདཔ་ཨིན། རྫོང་གཞིས་ཚུ་ཡང་མང་ཤོས་ར་རྒྱལ་ཁབ་ཀྱི་ནང་རྟེན་རྩ་ཅན་ཚུ་བདག་འཛིན་འབད་དེ་ཕྱག་དང་མཆོད་པ་ཕུལ་སའི་ས་གོ་ཅིག་དང་ ཆོས་སྲིད་གཉིས་ཀྱི་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལཱ་གནང་སའི་ལྟེ་བ་ཅིག་སྦེ་ལག་ལེན་འཐབ་ཨིན་པས། དེ་བཟུམ་ལྦེ་ར་ Bhutan.la (གནམ་ལོ་དང་སྤྱི་ལོ་མེད་) གིས་འབད་བ་ཅིན་ རྡོ་སྦྱིས་རྫོང་དེ་ཡང་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་ཁྱབ་མཛད་ནིའི་དོན་ལུ་དམིགས་ཏེ་བཞེངས་གནང་ཡོདཔ་ཨིན་མས། རྫོང་དེ་ཡང་ ནང་པའི་ཆོས་ལུགས་དང་འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་དང་མཐུནམ་སྦེ་སྤ་ཆུ་དང་ཝང་ཆུ་གཉིས་གི་སྤོ་ཏོ་ཁར་བཞེངས་གནང་ནུག། དད་པའི་ས་བོན་ (གནམ་ལོ་མེད་སྤྱི་ལོ་ ༢༠༡༣) གིས་འབད་བ་ཅིན་ “རྫོང་འདི་གི་དབུ་རྩེའི་ནང་སྒྲོལ་མ་ལྷ་ཁང་མཇལ་ནི་ཡོད།” རྫོང་དེ་གི་དབུ་རྩེདེ་ཐོག་ལྔ་སྦེ་བཞེངས་གནང་ཡོདཔ་མ་ཚད་ རྫོང་གི་ལྟག་ལུ་ཧེ་མ་རྫོང་བཞེངས་ནི་གི་ལུང་བསྟན་གྱི་ཆུ་མིག་དེ་ད་ལྟོའི་བར་ན་ཡང་བླམ་ངག་དབང་ཆོས་རྒྱལ་གྱི་གྲུབ་ཆུ་ཟེར་མཇལ་དོ་ཡོདཔ་ཨིན།

ནང་རྟེན།

རྫོང་དེ་ནང་ནང་རྟེན་ཚུ་ཡང་ Drukasia (གནམ་ལོ་མེད་ ༢༠༢༡) གིས་འབད་བ་ཅིན་ རྗེ་བཙན་མི་ལ་རས་པ་དང་བླམ་ངག་དབང་ཆོས་རྒྱལ་ དེ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་གདུང་སྲས་བདེ་བ་བཟང་པོ་ཚུ་གི་སྐུ་འདྲ་མཇལ་ནི་དོ་ཡོད། རྗེ་བཙན་མི་ལ་རས་པའི་སྐུ་འདྲ་དེ་ ཧེ་མ་བོད་ར་ལུང་ལས་བསྣམས་ཏེ་ བྱོན་ཡོད་པའི་ཡིད་ཆེས་སྐྱེད་དོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ར་ Marvellous Bhutan Travel (གནམ་ལོ་དང་སྤྱི་ལོ་མེད་) གིས་བཤད་མི་ནང་ གུ་རུ་གླང་དར་ཅན་གྱི་སྐུ་ཡང་མཇལ་དོ་ཡོདཔ་མ་ཚད་ རྫོང་གི་མགོན་ཁང་ནང་ མ་ཧཱ་ཀཱ་ལ་དང་མ་ཧཱ་ཀཱ་ལི་ དེ་ལས་བྱ་རོག་གདོང་ཅན་སྦེ་མགོན་ལྕམ་དྲལ་གསུམ་སྦེ་མཇལ་དོ་ཡོདཔ་ཨིན་མས།

གལ་གནད།

རྫོང་དེ་ཧེ་མ་ལས་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཀྱི་བསྟན་པ་དར་ཁྱབ་གཏང་ནིའི་དོན་ལུ་ལུང་བསྟན་བབས་ཐོག་ལས་བཞེངས་གནང་ཡོདཔ་ལས་བརྟེན་ ད་རེས་ནངས་པ་འབད་བ་ཅིན་རྫོང་དེ་ནང་པའི་ཆོས་ལུགས་སྦྱང་བརྩོན་འབད་མི་ནང་པའི་དགེ་སློང་ཚུ་གི་དགོན་སྡེ་ཅིག་སྦེ་ཡོད། དེ་མ་ཚད་རྫོང་དེ་བྱིན་རླབས་ཆེ་བའི་རྫོང་གཞིས་ཅིག་འབདཝ་ལས་ རྒྱལ་ཁབ་མཐའ་དབུས་ལས་འོང་མི་ལྟ་བཤལ་པ་ཚུ་གིས་མཇལ་བའི་ས་གནས་གཅིག་ལུ་གྱུར་ཏེ་ཡོདཔ་ཨིན་ནོ།།

རྒྱབ་རྟེན།

Dobji Dzong. (n.d.). Retrieved from Bhutan.la:

http://www.bhutan.la/Places%20to%20see%20&%20visit/Dobji%20Dzong

Dobji Dzong. (n.d.). Retrieved from Marvellous Bhutan Travel:

https://www.marvellousbhutan.com/dobji-dzong/

Dobji Dzong. (2021, 04 20). Retrieved from Drukasia:

https://www.drukasia.com/bhutan/haa-valley/dobji-dzong/

ཨོ་རྒྱན་ཕུན་ཚོགས། ཀུན་བཟང་འཕྲིན་ལས། རིག་འཛིན་དབང་ཕྱུག། བསོད་ནམས་བསྟན་འཛིན། ཀརྨ་དབང་འདུས། འཇམ་དབྱངས་ཕུན་ཚོགས། (༢༠༡༣)དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

"https://dz.wikipedia.org/w/index.php?title=རྡོ་སྦྱིས་རྫོང་།&oldid=29894" ལས་ སླར་འདྲེན་འབད་ཡོདཔ།