རྗེ་བཙུན་སྒྲོལ་མའི་བསངས་མཆོད།

Wikipedia ལས།

༄༅། །རྗེ་བཙུན་འཕགས་མའི་བསངས་མཆོད་འདོད་འཇོའི་བུམ་བཟང་བཞུགས་སོ།།

༈ པོ་ཏཱ་ལ་ཡི་གནས་མཆོག་ནས། །ཏཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། རྗེ་བཙུན་འཕགས་མ་སྒྲོལ་མ་ནི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཐམས་ཅད་འདུས་པའི་དཔལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཁྱེད་ནི་རྒྱལ་བ་མ་ལུས་པའི། །འཕྲིན་ལས་འདུས་པའི་མངའ་བདག་སྟེ། །ལས་ཀྱི་རིགས་ཀྱི་ཡུམ་ཆེན་མོ། །ས་བཅུའི་དབང་ཕྱུག་འཕགས་མ་བསངས། །སྐུ་མདོག་ལྗང་ཁུ་མ་རྒད་མདོག །ཞལ་གཅིག་ཕྱག་གཉིས་ཨུཏྤལ་འཛིན། །གཡས་བརྐྱངས་གཡོན་བསྐུམ་གཡོན་ཕྱོགས་འགྱིངས། །འཕགས་མ་ཡིད་བཞིན་ནོར་བུ་བསངས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །འདི་དང་ཕྱི་མའི་བར་དུ་སྐྱབས། །གསོལ་བ་འདེབས་པའི་ཡུལ་གཅིག་པུ། །རྒྱལ་ཡུམ་བཀའ་དྲིན་ཅན་མ་བསངས། །ལྷ་དང་ལྷ་མིན་མི་འམ་ཅི། །དྲི་བཟང་སྲིན་པོ་གཤིན་རྗེ་དང་། །རྐང་གཉིས་མི་དང་བཅས་པའི་མགོན། །ལྷ་ཡི་བླ་མ་ཆེན་མོ་བསངས། །སྙིང་རྗེ་ཆེན་པོའི་གཏེར་མཛོད་མངའ། །ཚད་མེད་འཕྲིན་ལས་དཔག་བསམ་ཤིང་། །ཅི་འདོད་རེ་སྐོང་བུམ་པ་བཟང་། །འདོད་རྒུའི་འབྱུང་གནས་རྗེ་བཙུན་བསངས། །སྔོན་བྱོན་རྒྱལ་བ་བསྐྱེད་པའི་ཡུམ། །ད་ལྟ་རྒྱལ་བ་དགྱེས་པའི་སྡེ། །མ་བྱོན་རྒྱལ་བའི་གཞིར་གྱུར་པའི། །དུས་གསུམ་རྒྱལ་ཡུམ་འཕགས་མ་བསངས། །ཁྱོད་ནི་ཡེ་ཤེས་སྤྱན་དང་ལྡན། །ས་ལམ་ཡོན་ཏན་རྩེ་མོར་སོན། །ཉེས་དང་སྒྲིབ་པ་མི་མངའ་ཡང་། བདག་གི་བསོད་ནམས་རྫོགས་པའི་ཕྱིར། །ཙནྡན་དཀར་པོ་ཤུགས་པ་སོགས། །ཕ་ཤིང་བདུད་རྩི་ཅན་རྣམས་དང་། །ཙནྡན་དམར་མོ་སྤ་མ་སོགས། །མ་ཤིང་དྲི་ངད་ལྡན་པས་བསངས། །བ་ལུ་མཁན་པ་ཕུར་མོང་སོགས། །གྲིབ་ཀྱི་ནུས་པ་སེལ་ནུས་པའི། །བསངས་སྣ་བརྒྱ་དང་རྩ་བརྒྱད་ལ། །དཀར་དམར་ཕྱེ་མར་སྦྱར་བས་བསངས། །ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །རྩ་བརྒྱད་ཡན་ལག་སྟོང་དང་སྦྱར། །མཆོག་མཐུན་དངོས་གྲུབ་བསྐུལ་བའི་ཕྱིར། །འཕགས་མ་ལྷ་ཡི་ལྷ་མཆོག་བསངས། །ཁྱེད་ནི་སྟོང་གསུམ་མ་ལུས་དང་། །ཁྱད་པར་མི་མཇེད་འཇིག་རྟེན་འདི། །བྱེ་བྲག་འཛམ་བུ་ཏྲི་ཤའི་གླིང་། །སྒོས་ཀྱི་སྐྱབས་གནས་ཆེན་མོ་བསངས། །ཨེ་མ་འཕགས་མ་རྗེ་བླ་མ། །ད་དུང་བོད་འབངས་ཡོངས་ཀྱི་ལྷ། །ཁྱད་པར་ལས་དོན་བདག་ལ་ནི། །བཀའ་དྲིན་འཁོར་མེད་ཆེན་མོ་བསངས། །གུས་པས་གསོལ་བ་སྙིང་ནས་འདེབས། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །རྗེས་སུ་ཡི་རང་བཞུགས་སུ་གསོལ། །ཆོས་བསྟོད་མཛད་བསྐུལ་དགེ་ཚོགས་བསྔོ། །འདི་ནས་ཇི་སྲིད་འཚོ་བའི་བར། །སྐྱིད་སྡུག་བཟང་ཅན་ཅི་བྱུང་ཡང་། །འཕགས་མའི་ཐུགས་རྗེ་མ་བཏང་བར། །བརྩེ་བས་རྗེས་སུ་བཟུང་དུ་གསོལ། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་འདོད་ཉེར་འཚེ་ཀུན་ཞི་ནས། །བསམ་དོན་དམ་པའི་ཆོས་བཞིན་འགྲུབ། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །གང་དུ་གནས་པའི་ཡུལ་ཕྱོགས་ཀྱང་། །ལོ་ལེགས་འབྲུ་འཕེལ་བཀྲ་ཤིས་ཤིང་། །དུས་ཀུན་བྱས་ཚད་ཆོས་དང་མཐུན། །བཀྲ་ཤིས་དགེ་ལེགས་ཁྱབ་པར་མཛོད། །རང་ཉིད་ཀྱི་ཁ་ཏོན་དུ་ངག་གི་དབང་པོས་གསོལ་བ་བཏབ་བོ།།