རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ།

Wikipedia ལས།

༄༅། །རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་བཞུགས་སོ།།

༄༅། །བཅོམ་ལྡན་འདས་བྱམས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །གང་སྔོན་བསྐལ་ཆེན་གྲངས་མེད་ཆེས་གྲངས་མེད། །རིན་ཆེན་གདུགས་དྲུང་བརྟན་པའི་བློ་གྲོས་གྱུར། །སེམས་ཅན་བྱེ་བ་བརྒྱ་སྟོང་རྣམ་ཐར་འདིར། །བཀོད་པས་ཁྱོད་མཚན་བྱམས་པ་ཞེས་གྲགས་ལ། །ད་ལྟ་ཤཱཀྱའི་དབང་པོས་སྔོན་བཞེས་པའི། །རིན་ཆེན་ཅོད་པན་ཉིད་ཀྱི་དབུར་བཅིངས་པས། །རྒྱལ་བའི་རྒྱལ་ཚབ་བཅོམ་ལྡན་མ་ཕམ་པ། །ལྷ་མི་ཀུན་གྱི་སྟོན་པ་ཆེན་པོར་གྱུར། །མ་འོངས་ཁུག་པ་དང་པོའི་བརྒྱད་ཁྲི་ལ། །འཁོར་ལོས་བསྒྱུར་རྒྱལ་དུང་གི་མདུན་ན་འདོན། །འཁྲུངས་ནས་མངོན་པར་སངས་རྒྱས་ཚུལ་བསྟན་པ། །བསྐལ་བཟང་སྒྲོན་མ་ལྔ་པའི་སྨོན་རྫོགས་མཛད། །དེ་བས་མགོན་པོ་ཁྱོད་ཀྱི་ཞབས་མཐིལ་ལ། །གཏུགས་ཏེ་སྐྱེ་བ་ཀུན་ཏུ་ཆོས་ཉན་པར། །འདོད་པས་གདུངས་ལ་ཐུགས་རྗེའི་སྤྱན་རས་གཟིགས། །བསོད་ནམས་རྒྱ་མཚོས་བསྒྲུབས་པའི་མཚན་དཔེའི་འོད། །དམར་སེར་ལྷུན་པོའི་ངོགས་ལ་ཆགས་པའི་གཟི། །འཇིག་རྟེན་གསུམ་ཅི་དག་པའི་ཞིང་དུ་ཡང་། །དཔེ་ཟླས་འཕོངས་དེ་མངོན་སུམ་གྱུར་པ་མཚར། །མཐོ་རིས་མཛེས་མའི་ལག་པས་བརྒྱུས་པ་ཡི། །རིན་ཆེན་མེ་ཏོག་ཕྲེང་བ་རྒྱན་ཀུན་གྱིས། །སྤྱད་པས་མཛེས་པ་ཉིད་ཀྱང་མཛེས་བགྱིད་པ། །འདྲེན་བྱེད་ལྷ་ཡི་རྣ་བའི་བདུད་རྩི་ལགས། །དབང་པོའི་གཞུ་ཡི་མདངས་ཀྱང་མོག་བྱེད་པའི། །ལྷ་རྫས་གོས་ཀྱིས་རྣམ་པར་ཀླུབས་ནས་སུ། །ལྷ་བརྒྱའི་རལ་པའི་སྟེགས་བཅས་སེང་གེའི་ཁྲིར། །ཆོས་ཀྱི་སྒོ་མང་འགྱེད་དེར་ཕྱག་འཚལ་ལོ། །ཞེས་པའང་པདྨ་དཀར་པོས་ཀ་མ་རུ་པའི་གནས་མཆོག་ཏུ་སྦྱར་བའོ།།