འབྲུག་རྒྱལ་བཞི་པའི་འཁྲུངས་སྐར་དུས་ཆེན་དང་དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་ཉིནམ།

Wikipedia ལས།

སྤྱི་ལོ་ནམ་ཤར་གྱི་སྤྱི་ཟླ་ ༡༡ པའི་ཚེས་ ༡༡ གི་ཉིནམ་འདི་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་བཞི་པ་ མི་དབང་མངའ་བདག་འཇིགས་མེད་སཻངྒ་དབང་ཕྱུག་མཆོག་སྐུ་འཁྲུངས་པའི་ཉིནམ་ཨིན། ཉིནམ༌འདི༌ཁར༌ འབྲུག་གི་རྒྱལ་ཡོངས་ཨ་ལུའི་ཉིནམ་སྦེ་བརྩི་སྲུང་ཞུ༌དོ༌ཡོདཔ༌མ༌ཚད༌ འབྲུག་གི་མི་སེར་དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་ཉིནམ་སྦེ་ཡང༌བརྩི་སྲུང་ཞུཝ་ཨིན། ཉིནམ་འདི་ འབྲུག་གི་མི་སེར་དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་ཉིནམ་སྦེ་བརྩི་སྲུང་ཞུ་དགོ་མི་འདི་ འབྲུག་གི་མི་སེར་དམངས་གཙོའི་རིང་ལུགས་ དངོས་སུ་འགོ་བཙུགས་གནང་མི་འདི་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མི་གཟུགས་སུ་བྱོན་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ཨིནམ་ལས་བརྟེན་ཏེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་སྐུ་འཁྲུངསམ་དང་གཅིག་ཁར་ འབྲུག་གི་དམང་གཙོའི་རིང་ལུགས་འདི་ཡང་ འགོ་བཙུགས་ཡོདཔ་སྦེ་ཆ་བཞག་ཚུགསཔ་ཨིན།

འབྲུག་གི་དམངས་གཙོའི་རིང་ལུགས་འདི་འགོ་དང་པ་རང་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་གསུམ་པ་ མངའ་བདག་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ འབྲུག་རྒྱལ་ཁབ་ནང་རྒྱལ་བརྒྱུད་ཀྱི་རིང་ལུགས་དབུ་བརྙེས་ཏེ་ མི་ལོ་ ༤༦ འཁོར་བའི་ལོ་ལུ་ ཁོ་ར་འབྲུག་རྒྱལ་གསུམ་པའི་ཁྲི་ཁར་ཕེས་པའི་ལོ་ཤུལ་མམ་ སྤྱི་ལོ་ ༡༩༥༣ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་འགོ་བཙུགས་གནང་ཐོག་ལས་ མི་སེར་དམངས་གཙོའི་རིང་ལུགས་ཀྱི་ཕྱག་ལཱ་དང་པ་འགོ་བཙུགས་གནང་ནུག། དེ་ལས་ལོ་ངོ་ ༢༨ ཀྱི་ཤུལ་མ་ སྤྱི་ལོ་ ༡༩༨༡ ལུ་ འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་ ༡༩༩༡ ལུ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་འགོ་བཙུགས་གནང་སྟེ་དབང་ཚད་ཕྱིར་སྤེལ་གནང་། སྤྱི་ལོ་ ༡༩༩༨ གཞུང་སྐྱོང་གི་ཕྱག་འགན་དབང་ཚད་ཡང༌ མི་མང་གིས་བཙག་འཐུ་ལས་གྲུབ་པའི་བློན་པོའི་ལྷན་ཚོགས་ལུ་གནང་སྟེ་ མི་དབང་འབྲུག་རྒྱལ་བཞི་པ་གིས་ རྒྱལ་སྲིད་ཀྱི་དབང་ཚད་ ཚར་གཅིག་ལས་ཚར་གཅིག་མང་སུ་མང་སུ་སྦེ་ མི་སེར་ལུ་གནང་སྟེ་ཡོད།

ལྷག་པར་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༢༠༠༡ ལུ་ མི་སེར་དམངས་གཙོའི་རིང་ལུགས་དངོས་སུ་འགོ་བཙུགས་ནི་གི་དོན་ལུ་ རྩ་ཁྲིམས་ཆེན་མོའི་ཟིན་འགོད་ཚོགས་ཆུང་བཙུགས་ཏེ་ སྤྱི་ལོ་ ༢༠༠༥ ལུ་བསྒྲུབས་པའི་རྩ་ཁྲིམས་ཟིན་བྲིས་འདི་ མི་སེར་ཡོངས་དང་གཅིག་ཁར་ གྲོས་བསྟུན་གྱི་ཞལ་འཛོམས་ སྤྱི་ལོ་ ༢༠༠༥ ལུ་ རྒྱལ་ས་ཐིམ་ཕུག་ལས་འགོ་བཙུགས་ཏེ་ ༢༠༠༦ ལུ་ ཀྲོང་གསར་རྫོང་ཁག་ལས་མཇུག་བསྡུ་གནང་ཡི། འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ འབྲུག་རྒྱལ་པོ་མཆོག་དགུང་ལོ་ ༦༥ ལས་དགོངས་ཞུ་མཛད་དགོཔ་སྦེ་ཡོད་རུང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁོ་ར་དགུང་ལོ་ ༥༡ ལས་མ་བཞེས་རུང་ ལོ་དེ་ནང་ལས་རྩ་ཁྲིམས་ཟིན་བྲིས་ཀྱི་དགོངས་དོན་དང་འཁྲིལ་ རྒྱལ་ཁབ་དང་མ་འོངས་པའི་མི་མང་གི་མཐའ་དོན་ཁོ༌ན༌ལུ་གཟིགས་ཏེ་ རབ་བྱུང་ ༡༧ པའི་གནམ་ལོ་ མེ་ཁྱི་ ཟླ་ ༡༠ པའི་ཚེས་ ༢༤ སྤྱི་ལོ་༢༠༠༦ ཟླ་ ༡༢ པའི་ ཚེས་ ༡༤ ལུ༌ རྒྱལ་སྲིད་ལས་དགོངས་ཞུ་མཛད་དེ་ རྒྱལ་སྲིད་ཀྱི་ཕྱག་འགན་དེ་ བརྒྱུད་འཛིན་གྱི་རྒྱལ་སྲས་མི་དབང་ཀྲོང་གསར་དཔོན་སློབ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ལུ་རྩིས་སྤྲོད་གནང་ཡི།

སྤྱི་ལོ་ ༢༠༠༧ ལས་ རྩ་ཁྲིམས་ཟིན་བྲིས་ཀྱི་དགོངས་དོན་དང་འཁྲིལ་ཏེ་ མི་སེར་གྱི་སྲིད་དོན་ཚོགས་པ་བཟོ་ནི་འགོ་བཙུགས་བཅུག་སྟེ་ སྤྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༤ ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ༢༥ དང་རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ༤༧ ཚུ་ ག་ར་ རྒྱལ་ཡོངས་ཚོགས་རྒྱན་གྱི་ཐོག་ལས་བཙག་འཐུ་གྲུབ་སྟེ་ སྤྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༨ ལུ་ དམངས་གཙོའི་སྤྱི་ཚོགས་ཐེངས་དང་པའི་ཚོགས་ཐེངས་དང་པ་འགོ་བཙུགས་གནང་ཡི།

སྤྱི་ཚོགས་ཐེངས་དང་པའི་ནང་ མི་དབང་འབྲུག་རྒྱལ་ལྔ་པ་མངའ་བདག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ཚོགས་འདུ་འགོ་འབྱེད་ཀྱི་གསུང་བཤད་ནང་ ཧེ་མ་འབྲུག་པའི་མི་མང་གིས་ འབྲུག་གི་རྒྱལ་སྲིད་ཀྱི་དབང་ཆ་འབྲུག་རྒྱལ་དང་པ་གོང་ས་ཨྱོན་དབང་ཕྱུག་ལུ་ཕུལ་མི་དེ་ ད་རེས་ལོ་ངོ་ ༡༠༠ གི་ཤུལ་མར་ འབྲུག་རྒྱལ་བཞི་པ་དང་ལྔ་པ་ཡབ་སྲས་གཉིས་ཀྱི་ཁོངས་ལས་ ལོག་སྟེ་ར་མི་སེར་ལུ་རྩིས་སྤྲོད་གནངམ་་ཨིན་ཟེར་བའི་ བཀའ་ཁྱབ་གསལ་བསྒྲགས་གནང་ཡི། དེ་ལུ་མི་སེར་གྱིས་བཙག་འཐུ་ལས་གྲུབ་པའི་འཐུས་མི་ཚུ་གིས་ འཐུས་མ་ཤོར་བར་ བདག་འཛིན་འཐབ་དགོ་པའི་བཀའ་རྒྱ་ཟབ་མོ་དང་བཅས་ཏེ་ རྒྱལ་སྲིད་ཀྱི་དབང་ཆ་མི་སེར་ལུ་ལོག་སྟེ་གནང་མི་འདི་ རྒྱལ་པོ་ཡབ་སྲས་གཉིས་ཀྱི་གཏོང་ཕོད་ཅན་གྱི་ལྷག་བསམ་འགྲན་ཟླ་དང་བྲལ་བའི་ སྲིད་དོན་གྱི་མཛད་བྱ་སྔོན་ཆད་འཛམ་གླིང་ནང་ བྱུང་མ་མྱོང་བའི་རླབས་ཆེན་གྱི་མཛད་བཟང་ཁྱད་པར་ཅན་ཅིག་མཛད་གནང་ཡི།

དེ་ལས་སྤྱི་ཚོགས་དང་པའི་ ཚོགས་ཐེངས་དང་པ་དེའི་རིང་ལུ་ར་ གནམ་ལོ་ས་བྱི་ཟླ་ ༥ པ་ཤུལ་མམ་གི་ཚེས་ ༡༥ དང་ སྤྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༨ ལུ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ཀུན་ར་ཆེན་མོའི་ནང་ལུ་ སྟོན་པ་ཤཱཀྱ་ཐུབ་པ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་བརྙན་བྱིན་ལྡན་དང་ མི་དབང་འབྲུག་རྒྱལ་བཞི་པའི་སྐུ་མདུན་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ རྩ་ཚན་ ༣༥ ཅན་མ་ གསེར་བྲིས་མ་དེ་ལུ་མི་དབང་མངའ་བདག་ འབྲུག་རྒྱལ་ལྔ་པ་མཆོག་གིས་ ཆ་འཇོག་གི་ཕྱག་རྟགས་བཀོད་གནངམ་ད་ རྩ་ཁྲིམས་ཆེན་མོ་འདི་ལས་བརྟེན་ཏེ་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་དང་སྲུང་སྐྱོབ་ སྔར་བ་ལྷག་སྟེ་སྒྲིང་སྒྲིང་འགྱོ་ནི། མི་སེར་གྱི་གཅིག་མཐུན་དང་དགའ་སྐྱིད་ ཞི་བདེ་དང་དྲང་ཁྲིམས་ཚུ་ བརྟན་ཏོག་ཏོ་སྦེ་གནས་ཏེ་ འབྲུག་རྒྱལ་ཁབ་ནང་དགའ་སྐྱིད་ཀྱི་ཉི་མ་ཤར། མི་སེར་གྱི་རེ་འདོད་ མ་བཏུབ་བཏུབ་འགྲུབ་ཚུགས་པའི་ཐུགས་སྨོན་གྱི་གསུང་བཤད་གནང་ཐོག་ལས་ ཕྱག་རྟགས་བཀོད་གནང་ཡི།

དེ་ལས་གཞུང་སྐྱོང་ཚོགས་པའི་ཁྲི༌འཛིན༌བློན་ཆེན་དང་ ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཚོགས་དཔོན་དང་རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་བཅས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ ༧༢ དང་ མཇུག་ང་འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ ཕྱག༌རྟགས༌བཀོད༌ཐོག༌ལས༌ འབྲུག༌གི༌རྩ་ཁྲིམས་ཆེན་མོ་ཆ་འཇོག་གྲུབ་ཚར་ཡི། ཉིནམ་དེ་ལས་ཚུར་ འབྲུག་རྒྱལ་བརྒྱུད་གྱི་རྒྱལ་ཁབ་འདི་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་གཞུང་ལྡན་གྱི་རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ལུ་དབུ་བརྙེས་གྲུབ་ཨིན།

འབྲུག་གི་དམངས་གཙོའི་རིང་ལུགས་འདི་ སྤྱི་ལོ་ ༡༩༥༣ ལས་འགོ་བཙུགས་ཏེ་ མི་ལོ་ ༥༥ གི་རིང་ལུ་ འབྲུག་རྒྱལ་པོ་སྐུ་ཐོག་ ༣ བརྒྱུད་དེ་ གཞན་དང་མ་འདྲ་བའི་གོམ་འགྲོས་ཀྱི་ཐོག་ལས་ སྤྱི་ལོ་ ༢༠༠༨ ལུ་ དམངས་གཙོའི་རིང་ལུགས་དངོས་ལུ་དབུ་བརྙེས་གྲུབ་མི་འདི་ གཙོ་བོ་རང་མི་དབང་འབྲུག་རྒྱལ་བཞི་པའི་ལྷག་བསམ་དང་གཏོང་ཕོད་ མ་འོངས་མངོན་གཟིགས་ཀྱི་མཁྱེན་རྒྱ་དང་ བརྩོན་ཤུགས་ཁོ་ན་ལུ་བརྟེན་ཏེ་བྱུང་ཡོདཔ་ལས་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སཻངྒ་དབང་ཕྱུག་འདི་ འབྲུག་གི་དམངས་གཙོའི་རིང་ལུགས་སྲོལ་གཏོད་ཀྱི་མེས་པོ་དམ་པར་བརྩི་བཀུར་ཞུ་བའི་ཆེད་དུ་ མི་དབང་འབྲུག་རྒྱལ་བཞི་པ་ སྐུ་འཁྲུངསམ་དང་གཅིག་ཁར་ དམངས་གཙོའི་རིང་ལུགས་འདི་ཡང་ དབུ་བརྙེསཔ་བཟུམ་ཅིག་ཨིནམ་ལས་བརྟེན་ འབྲུག་གི་དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་ཉིནམ་འདི་ མི་དབང་འབྲུག་རྒྱལ་བཞི་པའི་འཁྲུངས་སྐར་དུས་ཆེན་དང་ གཅིག་འབྲེལ་ཐོག་ལས་ ལོ་བསྟར་སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ བརྩི་སྲུང་ཞུཝ་ཨིན།

དུས་སྟོན་དེ་གི་དྲན་གསོ་ཞུ་དོན་ལུ་ གཞུང་ལས་ངལ་གསོའི་ཉིནམ་གཅིག་གནང་སྟེ་ཡོད་མི་འདི་ནང་ ང་བཅས་འབྲུག་མི་ཡོངས་ཀྱིས་འབྲུག་གི་ དམངས་གཙོའི་རིང་ལུགས་སྲོལ་བཙུགས་གནང་མི་ རྒྱལ་སྲིད་ལུ་ཕངས་སེམས་མེད་པའི་ གཏོང་ཕོད་ཅན་གྱི་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ བཀྲིན་དགའ་ཚོར་ཞུ་ནི་དང་གཅིག་ཁར་ མི་དབང་འབྲུག་རྒྱལ་ལྔ་པ་གིས་ འབྲུག་རྒྱལ་ཁབ་ཀྱི་རྒྱལ་སྲིད་མི་སེར་དམངས་ལུ་རྩིས་སྤྲོད་གནངམ་ད་གི༌ཐུགས་སྨོན་དང་ བཀའ་ཁྱབ་གནང་མི་ཚུ་ ང་བཅས་འབྲུག་མི་ཡོངས་ཀྱིས་ ནམ་ཡང་མ་བརྗེད་སེམས་ཁར་དྲན་ཏེ་ རྒྱལ་ཁབ་ཀྱི་ཕྱག་ཕྱིད་འབྱོར་ཚུགསཔ་འབད་ནི་གི་ ཁས་བླང་དམ་བཅའ་བསྐྱར་གསོ་ཞུ་ཐོག་ལས་ དུས་སྟོན་བརྩི་སྲུང་ཞུ་དགོཔ་ཨིན་ནོ།།