འབྲུག་རྒྱལ་གསུམ་པའི་འཁྲུངས་སྐར་དུས་སྟོན།

Wikipedia ལས།

སྤྱི་ཟླ་ ༥ པའི་ཚེས་ ༢ ཀྱི་ཉིནམ་འདི་ འབྲུག་རྒྱལ་གསུམ་པའི་འཁྲུངས་སྐར་གྱི་ཉིནམ་ཕོགཔ་ཨིན།

དེ་ཡང་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདིའི་བརྒྱུད་འཛིན་གྱི་རྒྱལཔོ་གསུམ་པ་ སྤྱི་ནོར་དམ་པ་མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཡབ་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་དང་ ཡུམ་ཕུན་ཚོགས་ཆོས་སྒྲོན་ཟུང་གི་སྲས་ལུ་ གནས་ཕུན་སུམ་ཚོགས་པ་ ཆོས་འཁོར་རབ་བརྟན་རྩེའི་ ཁྲུས་སྤང་གི་གཟིམ་ཅུང་ནང་ལུ་ དུས་ཕུན་སུམ་ཚོགས་པ་ རབ་བྱུང་བཅུ་དྲུག་པའི་ས་འབྲུག་ ཟླ་བ་གསུམ་པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༨ ཟླ་ ༥ པའི་ཚེས་ ༢ ལུ་ འབྲུག་རྒྱལ་ཁབ་འདིའི་བསོད་ནམས་ཀྱི་བགོ་སྐལ་ལུ་སྐུ་འཁྲུངས་ནུག།

དགུང་ལོ་ཆུང་ཀུའི་བསྒང་ལས་ ཡབ་རྗེ་དམ་པ་ འབྲུག་རྒྱལ་གཉིས་པའི་ཕྱག་ཞུ་སྟེ་ དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཆོས་གསུམ་ལུ་ཉམས་བཞེས་གནང་སྟེ་ དགུང་ལོ་ ༡༧ ལུ་ ཀྲོང་གསར་མགྲོན་གཉེར་གྱི་གོ་གནས་དང་ དགུང་ལོ་ ༢༢ ལུ་སྤ་རོ་དཔོན་སློབ་ཀྱི་གོ་གནས་བཞེས་ནུག། དགུང་ལོ་ ༢༣ སྤྱི་ལོ་ ༡༩༥༡ ལུ་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་རྒྱལ་ལྕམ་ལུ་བཀྲིས་མངའ་གསོལ་ཞུ་ཞིན་ན་ལས་ སྤྱི་ལོ་ ༡༩༥༢ ལུ་ འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་ ༣ པའི་གསེར་ཁྲི་ཁར་བྱོན་གནང་ཡི།

རྒྱལ་རབས་གསུམ་པ་ མངའ་བདག་འཇིགས་མེད་རྡོ་རྗེ་དབང་ཕྱུག་གསེར་ཁྲི་ཁར་བཞུགས་པའི་རིང་ལུ་ དང་པ་རྒྱལ་ས་ཐིམ་ཕུག་ལུ་སྤོ་སྟེ་ གཞུང་གི་འཛིན་སྐྱོང་ལམ་ལུགས་ དེང་དུས་ཀྱི་ལམ་ལུགས་དང་མཐུན་པར་བསྒྱུར་བཅོས་གནང་། ཟ་བྲན་ལམ་ལུགས་དགོངས་ཡངས་དང་ མི་སེར་གྱི་ཁྲལ་འབུལ་ཡངས་ཆག་གནང་། རྒྱལ་ཁབ་འདི་ རང་དབང་ཅན་གྱི་འཛམ་གླིང་རྒྱལ་ཁབ་གཞན་མཚུངས་ཀྱི་ ཐོབ་དབང་འདྲན་འདྲ་ཡོད་པར་བཟོ་སྟེ་ འཛམ་གླིང་སྤྱི་ཚོགས་ནང་ལུ་འཐུས་མི་སྦེ་འཛུལ་ཞུགས་གནང་།

རྒྱལ༌ས༌ཐིམ༌ཕུག༌བཀྲིས་ཆོས་རྫོང་གསར་བཞེངས་དང་ རྒྱལ་ཁབ་གོང་འཕེལ་གྱི་འཆར་གཞི་འགོ་དང་པ་བཙུགས་ཏེ་ རྒྱལ་ཁབ་ནང་དཔལ་འབྱོར་གོང་འཕེལ་གྱི་གཏན་གཞི་བཙུགས། རྒྱལ་ཡོངས་ཚོགས་འདུ་ཆེན་པོ་དང་ བློ་གྲོས་ཚོགས་སྡེ་ལ་སོགས་པ་ཁྲིམས༌བཟོའི༌ལྷན༌སྡེ༌དང༌། ཁྲིམས༌གཞུང༌ཆེན༌མོ༌གསར༌རྩོམ༌དང༌ ཁྲིམས་ཁང་གོང་མ་ལ་སོགས་པའི་དྲང༌ཁྲིམས༌ལྷན༌སྡེ༌གཞི༌བཙུགས། ལྷན༌ཁག༌གི༌བློན༌པོའི༌ལམ༌སྲོལ༌བཙུགས༌ཏེ༌འཛིན༌སྐྱོང༌ལྷན༌སྡེ༌གཞི༌བཙུགས༌གནང༌། བསྟན་པའི་རྩ་བ་དགེ་འདུན་པའི་སྡེ་ཡར་སེང་དང་ རྒྱལ༌བའི༌བཀའ༌འགྱུར༌དང༌ བསྟན༌འགྱུར༌གསེར༌བྲིས༌གསར༌བཞེངས༌ཀྱི༌བསྟན་པའི་ཞབས་ཏོག་བླ་ན་མེད་པར་མཛད་ཡོདཔ་ལས་ འབྲུག་རྒྱལ་གསུམ་པ་འདི་ ང་བཅས་རའི་རྒྱལ་ཁབ་ཀྱི་རང་དབང་སྲ་བརྟན་དང་ ཡར་རྒྱས་གོང་འཕེལ་གསར་པའི་ལམ་ལུ་བཙུགས་གནང་མིའི་ མེས་པོ་དམ་པ་སྐུ་དྲིན་ཅན་ཅིག་ཨིན།

དེ་འབད་ནི་འདི་གིས་ མི་དབང་འབྲུག་རྒྱལ་༣ པའི་འཁྲུངས་སྐར་དུས་ཆེན་འདི་ལུ་ ད་ལྟོའི་བར་ན་ཡང་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་མི་སེར་ག་ར་ དད་པ་དང་དགའ་ཚོར་སྦོམ་མའི་སྒོ་ལས་ བཀྲིན་བསམ་ནིའི་གོ་སྐབས་ཐོབ་ནིའི་དོན་ལུ་ གཞུང་ལས་ཡང་ གཞུང་འབྲེལ་ངལ་གསོ་བཞག་གནང་དོ་ཡོདཔ་ཨིན་ནོ།།