འབྲུག་རྒྱལ་ཁབ་ཀྱིཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་དང་ལག་ལེན།

Wikipedia ལས།

འབྲུག་རྒྱལ་ཁབ་ཀྱི་ཕོ་མོ་འདྲ་མཉམ་གྱི་སྲིད་བྱུས་དང་ལག་ལེན།

༉ སྤྱིར་འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ འགྲོ་བ་མིའི་དབང་ཆ་ལུ་ངོས་ལེན་དང་གུས་ཞབས་འབད་དེ་ ཁྲིམས་ལུགས་དམ་དམ་བཟོ་རུང་ ཕོ་མོའི་ཐོབ་དབང་འདྲན་འདྲ་མེད་པའི་རྙོག་གཞི་ཐོན་ཏེ་ར་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ཡང་ ཕོ་དང་མོའི་བར་ན་ ཐོབ་སྐལ་གྱི་རིམ་པ་ཚུ་ ཆགས་སྡང་ཕྱོགས་རིས་མེད་པར་ཐོབ་པའི་དབང་ཆ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ལུ་ གསལ་ཏོག་ཏོ་སྦེ་བཀོད་དེ་ཡོད་རུང་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ དཀའ་ངལ་དང་སྟབས་མ་བདེཝ་ཚུ་ ཐོནམ་འཐོན་སར་ཡོདཔ་ཨིན། རྒྱལ་ཁབ་ནང་ཁྲིམས་ལུགས་ཡོད་རུང་ དཀའ་ངལ་དེ་བཟུམ་ཐོན་མི་འདི་ གཙོ་བོ་ འབྲུག་མི་ཚུ་གིས་ ཕོ་མོ་འདྲ་མཉམ་ཟེར་བའི་ཚིག་ལུ་དག་སྣང་ཆུང་མི་དང་ མི་སྡེ་ནང་ལུ་ སྔོན་དང་ཕུ་ལས་ར་ སྐྱེསཔ་ཕོ་སྐྱེས་དང་ཨམ་སྲུ་མོ་རེངསམོ་མནོ་མེད་ (ཕོ་སྐྱེས་མཆོག་དང་ཨམ་སྲུ་ཞན་) ཟེར་བའི་མནོ་ལུགས་ཚུ་ ཆུང་ཀུ་བསྒང་ལས་ར་ འབྲུག་མི་ཚུ་གི་རྒྱུད་ལུ་ པ་ཏྲ་བརྐོ་ཚར་ནི་འདི་གིས་ མནོ་ལུགས་བསྒྱུར་བཅོས་འབད་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་མས།

ཕོ་དང་མོའི་བར་ན་ ཁྱད་པར་རྒྱ་ཆེཝ་ཡོད་པའི་རྙོག་གཞི་འཐོན་མིའི་གནད་དོན་གཞན་ཡང་ མི་སྡེའི་ཧོངས་ལས་ཨམ་སྲུ་ཚུ་ལུ་ རྒྱབ་སྐྱོར་ཧྲིལ་བུམ་མེདཔ་ལས་བརྟེན་ཏེ་འབྱུངམ་ཨིན་མས། དེ་ཡང་ Tashi Dema (2017) སླབ་མི་ནང་ མི་རྗེ་བློན་ཆེན་མཆོག་གིས་ སྲིད་དོན་ནང་བཅའ་མར་གཏོགས་མི་ཨམ་སྲུ་ཅིག་གིས་ མར་ཆང་ཕུལ་བའི་པར་ མི་སྡེ་བརྡ་བརྒྱུད་ནང་བཙུགསཔ་ད་ འབྲུག་མི་ཚུ་གིས་སྨད་པ་རྐྱབ་ལུ་མི་ལུ་བལྟ་བ་ཅིན་ དང་ཕུ་བཟུམ་སྦེ་ ཨམ་སྲུ་ཚུ་འདི་ ཁྱིམ་ནང་ལུ་རྨགཔ་དང་ཨ་ལུ་ཚུ་གིས་ གཡོག་ལཱ་བརྒྱུགས་སྡོད་དགོཔ་སྦེ་ཨིན་མས། མི་སྡེའི་ཧོངསལས་ ངལ་རངས་དང་ཡིད་ཆེས་བསྐྱེད་དེ་ རྒྱབ་སྐྱོར་འབད་བ་ཅིན་ ཨམ་སྲུ་ཚུ་གིས་རྒྱུད་ལུ་ སྤོབས་དང་སེམས་ཤུགས་འཐེབ་ཐོབ་སྟེ་ སྲིད་དོན་དང་གཞུང་སྐྱོང་ལེགས་ལྡན་ དེ་ལས་ འགོ་ཁྲིད་པའི་འགན་ཁུར་ཚུ་ནང་ གཡང་ཟ་བག་ཟ་མེད་པར་ གྲལ་གཏོགས་འབད་ཚུགས་ནི་ཨིན་མས། ད་རེས་ སྲིད་དོན་ནང་བཅའ་མར་གཏོགས་མི་ཨམ་སྲུ་ཚུ་ལུ་ གདོང་ལེན་ཆེ་ཤོས་ར་ མི་དམངས་ཀྱི་ཡིད་ཆེས་མེདཔ་མ་ཚད་ ཕོ་སྐྱེས་ཚུ་དང་ག་བསྡུར་འབད་དེ་ སྟབས་མ་བདེཝ་བཟོ་དོ་ཡོདཔ་ཨིན་མས། མི་སྡེ་ནང་ལུ་ འགོ་ཁྲིད་པའི་ཕྱག་འགན་འདི་ ཕོ་སྐྱེས་ཚུ་གིས་རྐྱངམ་གཅིག་ འབག་ཚུགས་ཟེར་བའི་མནོ་ལུགས་འདི་རྩ་མེད་གཏང་ཐབས་ལུ་ ད་ལས་ཕར་ ཨམ་སྲུ་ཚུ་གིས་ སྲིད་དོན་དང་འཆར་གཞི་བརྩམ་ནི་ དེ་ལས་ གྲོས་ཐག་གཅད་ནིའི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་དགོཔ་འདུག་ཟེར་ རྩི་རང་རྫོང་བདག་ངག་དབང་པདྨོ་གིས་བཤད་ནུག། (Tashi Dema, 2017)

ཕོ་མོ་འདྲ་མཉམ་ཟེར་ ཕོ་སྐྱེས་དང་ཨམ་སྲུའི་ཐོབ་དབང་འདྲན་འདྲ་བཟོ་ཐབས་ལུ་  ཤེས་ཡོན་སྦྱང་ནིའི་གོ་སྐབས་ཚུ་ ཕོ་མོའི་དབྱེ་བ་མ་ཕྱེས་བར་འདྲ་མཉམ་སྦེ་བྱིན་ནི་དང་ ལྷག་པར་དུ་ གཡུས་སྒོ་ཚུ་ནང་ལས་ཕར་སྡོད་མི་ ཕམ་ཚུ་ལུ་ བུ་གཞི་བུཚུ་དང་བུམོ་གི་བར་ན་ ཉེ་རིང་མ་ཕྱེས་བར་ སློབ་གྲྭ་ནང་གཏང་དགོ་པའི་སྐུལ་བསྒྲགས་འབད་དགོཔ་འདུག། དེ་མ་ཚད་ སློབ་ཕྲུག་བུམོ་ཚུ་ལུ་ སྐད་ཡིག་དང་འབྲེལ་བའི་ཆོས་ཚན་ནང་ སྤྲོ་བ་སྐྱེད་དོ་བཟུམ་སྦེ་ ཚན་རིག་དང་ཚོང་རིག་གི་ཆོས་ཚན་ཚུ་ནང་ཡང་ སྤྲོ་བ་བསྐྱེད་དེ་ལྷབ་སྦྱང་འབད་བཅུག་པ་ཅིན་ ལྕོགས་གྲུབ་ཅན་ཅིག་ལུ་གྱུར་ཏེ་ མ་འོངས་པའི་ནང་ ལཱ་མ་ཐོབ་པའི་དཀའ་ངལ་ཚུ་བསལ་ཚུགས་པའི་སྔོན་འགོག་འབད་དགོཔ་འདུག། སྤྱི་ལོ་ ༢༠༡༨ ལུ་ ཨམ་སྲུ་ལཱ་གཡོག་མེད་པའི་གནས་ཚད་འདི་ བརྒྱ་ཆ་ ༤.༢ དང་ཕོ་སྐྱེས་ ༢.༧ ལས་བརྒལ་མེདཔ་ལས་ ཨམ་སྲུ་ལཱ་གཡོག་མེད་པའི་གྱངསཁ་འདི་ བརྒྱ་ཆ་ ༡.༥ གི་ཕོ་སྐྱེས་ལཱ་གཡོག་མེད་མི་ལས་མཐོ་བས། (National Gender Equality Policy, 2019)

རྒྱལ་ཁབ་ནང་ལུ་ ཕོ་དང་མོའི་བརྩི་མཐོང་ འདྲ་མཉམ་ཡོདཔ་བཟོ་ནིའི་ཐབསཤེས།

༡༽ སྔོན་མ་ལས་བརྩམས་བཞག་ཡོད་པའི་ ཕོ་མོ་འདྲ་མཉམ་གྱི་ཁྲིམས་ལུགས་ཚུ་ དམ་དམ་སྦེ་ལག་ལེན་འཐབ་དགོ་པས།

༢༽ ཁྲིམས་ལུགས་ལས་འགལ་བའི་ལཱ་འབད་མི་ཚུ་ལུ་ ཉེས་ཁྲིམས་དང་ཉེས་བྱ་ཡངས་ཆག་མེད་པར་བཀལ་དགོ་པས།

༣༽ མི་སྡེ་དང་ཕོ་སྐྱེས་ཚུ་གི་ཧོངསལས་ ཨམ་སྲུ་ཚུ་ལུ་ རྒྱབ་སྐྱོར་དང་གྲོགས་རམ་དགོ་པས།

༤༽ ཨམ་སྲུ་ཚུ་གིས་ཡང་འབད་མི་ཚུགས་ཟེར་རྒྱབ་བཤུད་རྐྱབ་མ་སྡོད་པར་ དཀའ་ངལ་གདོང་ལེན་འབད་དགོ་པས།

རྒྱབ་རྟེན།

Dema. T “Women in Bhutan: the Gender Discussion” The Druk Journal,

June 28 2017 http://drukjournal.bt/towards-a-sustainable-development/#:~:text=Women%20in%20Bhutan%20enjoy%20more,rights%20for%20women%20in%20politics,

National Commission for Women and Children (2019) National Gender Equality

Policy. http://www.gnhc.gov.bt/en/wp-content/uploads/2020/02/national

Gender-Equality-Policy.pdf