སྡིག་བཤགས་གསེར་གྱི་སྤུ་གྲི།

Wikipedia ལས།

༄༅། །སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་བྱ་བ་བཞུགས་སོ།།


༄༅། །རྒྱ་གར་སྐད་དུ། ན་མཿ སརྦ་ཏ་ཐཱ་ག་ཏཱ་བུད་དྷ་སྲི། བོད་སྐད་དུ། །སྡིག་པ་ཐམས་ཅད་བཤགས་པའི་མདོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་ལོ། །སྡིག་པ་ཐམས་ཅད་བཤགས་སོ། །དགེ་བའི་རྩ་བ་ལ་རྗེས་སུ་ཡིད་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སྐུ་མྱ་ངན་ལས་མི་འདའ་བར་གསོལ་འདེབས་སོ། །དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ནམ་མཁའ་དྲི་མེད་རྡུལ་སེལ་རབ་མཛེས་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཏོག་གི་འོད་ཟེར་རིན་པོ་ཆེའི་གཟུགས་སྐུ་ལྔ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་དམ་པས་སྤྲས་ཤིང་ལེགས་པར་བརྒྱན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་པ་དང་བྲལ་ཞིང་བག་ཚ་བ་མི་མངའ་ཞིང་སྤུ་ཟིངས་ཞེས་མི་བྱེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་མཚན་འདི་དག་ནི་སེམས་ཅན་གང་ཞིག་གི་ཡི་གེར་འབྲིའམ། །འདྲིར་འཇུག་གམ། འཆང་ཞིང་ཀློག་གམ། ཡིད་ལ་བྱས་ནས་སེམས་ཅན་གྱི་དོན་དུ་བསྔོས་ན། །སྡིག་པ་ཅི་བྱས་པ་ཐམས་ཅད་བྱང་ཞིང་དག་ནས། །ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་ངུར་སྨིག་གི་རྒྱལ་མཚན་ན།།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཛིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་ཕྱིར་མི་ལྡོག་པའི་འཁོར་ལོ་རབ་ཏུ་སྒྲོགས་པ་ན། །དེ་བཞིན་གཤེགས་པ་པད་མ་ཤིན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་ན། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འོད་ཟེར་གྱི་སྐུ་པད་མ་ཤིན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་སྒྲོལ་མ་བཟང་པོ་ན། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་རྒྱན་དང་ལྡན་པ་ན། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་མཁྱེན་པ་ཐམས་ཅད་ཀྱི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་རྒྱན་གྱི་འཁོར་ལོ་དང་ལྡན་པ་ན། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་མེ་ལོང་གི་དཀྱིལ་འཁོར་གྱི་མདོག་དང་ལྡན་པ་ན། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་པདྨོའི་དཔལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། །འདི་རྣམས་ནི་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གསུངས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་སུམ་ཅུ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །སྐྱེ་བ་སྔ་མའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སངས་རྒྱས་མར་མེ་མཛད་ཅེས་བྱ་བ་ཤ་སྟག་ཁྲི་བརྒྱ་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །མར་མེའི་དཀོར་ལ་འབགས་པའི་སྡིག་པ་བྱང་བར་གསུངས་སོ། །སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་སྟག་ཁྲི་དྲུག་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཕ་མའི་དཀོར་ལ་འབགས་པའི་སྡིག་པ་བྱང་བར་གསུངས་སོ། །སངས་རྒྱས་ས་ལའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་ཁྲི་བརྒྱ་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །མ་བྱིན་པར་བླངས་པའི་སྡིག་པ་དག་པར་གསུངས་སོ། །སངས་རྒྱས་པདྨ་འཕགས་པ་ཞེས་བྱ་བ་ཤ་སྟག་ཁྲི་ལྔ་སྟོང་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །མཆོད་རྟེན་གྱི་དཀོར་ལ་འབགས་པའི་སྡིག་པ་དག་པར་གསུངས་སོ། །སངས་རྒྱས་ཀོའུ་འདི་རྒྱའི་རིགས་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་དགུ་བཅུ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །རྨོས་སྐོལ་བྱས་པའི་སྡིག་པ་དག་པར་གསུངས་སོ། །སངས་རྒྱས་སྟོང་ཕྲག་དགུ་བཅུ་ལ་ཕྱག་ལ་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ངག་འཁྱལ་བའི་སྡིག་པ་དག་པར་གསུངས་སོ། །སངས་རྒྱས་འོད་སྲུངས་ཞེས་བྱ་བ་ཤ་སྟག་སྟོང་ཕྲག་དགུ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཚེ་འདིའི་སྡིག་པ་ཐམས་ཅད་དག་པར་གསུངས་སོ། །སངས་རྒྱས་བྱེ་བ་ཕྲག་གང་གའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་རྒྱས་པ་ལ་སོགས་པ་མཚན་ཐ་དད་སྟོང་འབྱུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཛམ་བུ་འདུལ་བ་ཤ་སྟག་བརྒྱ་ཉི་ཤུ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་ཤ་སྟག་ཁྲི་བཞི་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་སྙིང་པོ་ཞེས་བྱ་བ་ཤ་སྟག་ཁྲི་ལྔ་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བར་མཛད་པ་ཅེས་བྱ་བ་ཤ་སྟག་ཁྲི་ཉིས་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་དག་དང་དེ་རྣམས་ཀྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མདོ་སྡེ་རིམ་པ་ལྔ་ནས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །མི་ཚངས་པ་སྤྱོད་པའི་སྡིག་པ་དག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །དགེ་འདུན་གྱི་དཀོར་ལ་འབགས་པའི་སྡིག་པ་བྱང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དང་མེ་ཏོག་ལ་དབང་བ་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཚུལ་ཁྲིམས་འཆལ་པའི་སྡིག་པ་དག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱའི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཚེ་གཅིག་ཏུ་འདོད་ལོག་སྤྱོད་པའི་སྡིག་པ་དག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དཀྱིལ་འཁོར་གཟི་བརྗིད་ངེས་པར་གནོན་པ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །སྲོག་བཅད་པའི་སྡིག་པ་དག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་དཔའ་བ་བརྟན་པ་ཞི་བ་འདུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །བདེ་བར་གཤེགས་པའི་བཀའ་ཐམས་ཅན་ཀྱི་གསུང་སྒྲགས་པ་དང་བསོད་ནམས་མཉམ་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་བའི་མཛོད་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཚེ་གཅིག་ལ་ཞོན་པ་བཞོན་པའི་སྡིག་པ་དག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །སྐྱེ་བ་བདུན་དུ་མི་ལུས་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །དམ་ཚིག་ཉམས་པ་དང་གཡོ་སྒྱུ་བྱས་པའི་སྡིག་པ་དག་པར་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེའི་བུམ་པ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །ཚེ་ལོ་བརྒྱ་བསྲིང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་འོད་ལ་ཕྱག་འཚལ་ལོ། །མཚན་འདི་བློ་ལ་ཡོད་ན་བུད་མེད་དུ་མི་སྐྱེའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རྡོ་རྗེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །བསྐལ་པ་བརྒྱད་ཁྲི་སངས་རྒྱས་ལ་ཐག་ཉེ་བར་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། །སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་། མ་བྱོན་པ་དང་། །ད་ལྟར་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འདི་ལན་གཅིག་བརྗོད་པས། ཚེ་རབས་གཅིག་གི་སྡིག་པ་དག་པར་གསུངས་སོ། །སངས་རྒྱས་དེ་དག་ཐམས་ཅད་དང་། འགྲོ་བའི་མགོན་པོ་འཕགས་པ་ཀླུ་གྲུབ་དང་། གུ་རུ་པདྨ་འབྱུང་གནས་དང་། །པཎ་ཆེན་ནཱ་རོ་པ་དང་། །རིག་འཛིན་ཤྲཱི་སིདྷ་དང་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། །ཕ་དམ་པ་སངས་རྒྱས་དང་། །སངས་རྒྱས་ཀྱི་བསྟན་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཅི་བསགས་པ་ཐམས་ཅད་རང་རང་གསལ་བའི་གློང་དུ་བྱང་ཞིང་དག་པར་གྱུར་ཅིག། །སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་བྱ་བ་དམྱལ་བ་འཇོམས་པའི་སེ་བརྡར་ལགས་སོ། །འདི་བསྐལ་པ་སྙིགས་མའི་དུས་ཀྱི་སེམས་ཅན་སྙིང་རྗེ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རས་གཅོད་དང་ཐུབ་ཐུབ་བྱས་ནས་ཟས་སུ་བཟོས་པ་དང་། །གོས་སུ་གོན་པ་དང་། །སྐུ་གསུང་ཐུགས་ཀྱི་རྟེན་ལ་བཟོང་དུ་བྱད་པ་དང་། །སྙིགས་མ་ལྔའི་དུས་ན། །དགེ་སློང་གྲོང་ཆོག་བྱེད་པའི་དུས། །སྔགས་པ་ གཡང་འགུགས་བྱེད་པའི་དུས། །བན་པོ་གསང་སྔགས་དགྱེར་བའི་དུས། །དགེ་བཤེས་དམག་དཔོན་བྱེད་པའི་དུས། །ཆོས་པས་འཕང་ར་འགྲིམ་པའི་དུས། །ལྷ་ཁང་བུད་མེད་འཛིན་པའི་དུས། །ཞང་བློན་མནའ་ཟན་བྱེད་པའི་དུས། །སྐྱེས་པ་མཚོན་གྱིས་འཆི་བའི་དུས། གནས་བརྟན་དཀོར་ཟན་བྱེད་པའི་དུས། །རང་སྲོག་རང་གིས་གཅོད་པའི་དུས། །ལས་ངན་རྣམ་སྨིན་མྱུར་བའི་དུས། །རང་རྫུན་རང་ལ་བྱེད་པའི་དུས། །མ་ཎི་གླུ་རུ་ལེན་པའི་དུས། །ཕ་ཕད་དམེ་འཁྲུག་བྱེད་པའི་དུས། །གཞན་གྱི་ནོར་ལ་ངན་སེམས་སྐྱེ་བའི་དུས། །རྟོགས་ལྡན་མ་གྲོལ་གྲོལ་བརྫུ་བྱེད་པའི་དུས། །མ་ཇོ་སྤུ་གུ་བློག་པའི་དུས། །མི་ནད་ཕྱུགས་ནད་མང་བའི་དུས། །བྲེ་དང་སྲང་ལ་གཡོ་སྒྱུ་བྱེད་པའི་དུས། །ཆོས་བྱེད་དམད་ཅིང་སྡིག་བྱེད་བསྟོད་པའི་དུས། །ཆ་ལུགས་སྔོན་མ་ནུབ་ནས། ཕྱི་མ་དར་བའི་དུས། །ལྷ་མིའི་གནས་སུ་འཕོ་འགྱུར་ཆེ་བའི་དུས། །ཚོང་དང་ཁྱེ་དཔོགས་བྱེད་པའི་དུས། །ཚེ་ཕྱི་མ་མི་བསམ་ད་ལྟ་བསམ་པའི་དུས། །དུས་ཀྱི་མ་ལན་ལས་ངན་བསགས་པའི་ལན། །ཕ་རོལ་དམག་དང་མུ་གེ་འབྱུང་བའི་དུས། །དུག་གསུམ་རགས་ལ་བསོད་ནམས་ཆུང་བའི་དུས། །དེའི་དུས་སུ་དཀོན་མཆོག་གསུམ་ལ་བློ་གཏད་པའི་མི་དེ་བསླུ་བར་མི་འགྱུར་རོ། །དེའི་དུས་སྡིག་བཤགས་འདི་དག་འཕྲད་པར་ཤོག། །དེའི་ནང་ནས་ཀྱང་བསོད་ ནམས་ཅན་ལས་ཅན་གཅིག་དང་འཕྲད་པར་ཤོག །ས་མ་ཡ་རྒྱ་རྒྱ་རྒྱ། །ཅེས་སློབ་དཔོན་ཀླུ་གྲུབ་ཀྱིས་སྨོན་ལམ་བཏབ་པ་ལགས་སོ། །འདི་བསྐལ་པ་སྙིགས་མའི་སེམས་ཅན། །བསོད་ནམས་བསགས་པ་ཅན་རྣམས་ཀྱི། ཆོས་འདི་བྲིས་སམ། ཀློག་གམ། འཆང་ངམ། །ཁ་ཐོན་དུ་བྱས་ན། སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །འདི་གྲོང་གཅིག་ན་ཡོད་ན། །གྲོང་ཁྱེར་དེའི་སྡིག་པ་ཐམས་ཅད་བྱང་བར་གསུངས་སོ། །སྡེ་དགོན་གྱི་སར་བཞུགས་ན། །སྡེ་འཁྲུག་བྱས་པའི་སྡིག་པ་བྱང་བར་གསུངས་སོ། །སྡིག་བཤགས་གསེར་གྱི་སྤུ་གྲི་ཞེས་བྱ་བ་འདི། །ལྷ་ས་མི་མངས་ཚལ་གྱི་བྲག་སེང་གེ་གནམ་ལ་འཆོངས་པ་འདྲ་བ་ནས་གདན་དྲངས་པ་ལགས་སོ། །སྡིག་བཤགས་གསེར་གྱི་སྤུ་གྲི་དམྱལ་བ་འཇོམས་པའི་སེ་བརྡར་རྫོགས་སོ།། །།