སྤ་རོ་འདམ་ཅན་གོང་མ་ཀུན་བཟང་གླིང Paro Damchen gongma Kuenzangling

Wikipedia ལས།

༉ སྤ་རོ་རྫོང་ཁག་འདི་ འབྲུག་རྒྱལ་ཁབ་ནང་རྫོང་ཁག་ ༢༠ ཡོད་པའི་ནང་ལས་ ས་ཆ་དགའ་ཤོས་ཅིག་ཨིན། འབྲུག་རྒྱལ་ཁབ་ནང་ ཧེ་མ་སྡེ་སྲིད་རིམ་བྱོན་ཚུ་གིས་ རྒྱལ་སྲིད་སྐྱོང་བའི་སྐབས་སུ་ རྒྱལ་ཁབ་འདི་གི་མངའ་སྡེ་ ཤར་ལྷོ་ནུབ་གསུམ་གྱི་དཔོན་སློབ་དང་ དབུས་གཞུང་རྫོང་དཔོན་གསུམ་ལུ་དབྱེས་ཏེ་སྐྱོང་བཞག་འཐབ་པའི་རིང་ལུ་ ལྷོ་དཔག་བསམ་ཁག་ ནུབ་དྷ་ལི་ཁ་ བྱང་ཕག་རི་ཁ་གསུམ་ལུ་དབང་བསྒྱུར་བའི་ ནུབ་ཕྱོགས་སྤ་རོ་དཔོན་སློབ་ཀྱི་མངའ་སྡེ་ཡོངས་གྲགས་ཅན་ཅིག་ཨིན། རྫོང་ཁག་འདི་རང་བཞིན་གྱི་ཡུལ་གྱི་བཀོད་པ་མཛེས་པའི་ཁར་ ཧེ་མ་དུས་རབས་ ༧ པའི་ནང་ལས་ སྤ་གྲོ་སྐྱེར་ཆུ་དང་དུས་རབས་ ༨ པའི་ནང་སྤ་གྲོ་སྟག་ཚང་གི་གནས་ལ་སོགས་པ་ འབྲུག་རྒྱལ་ཁབ་ནང་དམ་པ་ཆོས་ཀྱི་རྟེན་གནས་འགོ་དང་པ་ཆགས་སའི་བསྟི་གནས་ཅིག་ཨིན། དེ་མ་ཚད་ སྤ་རོའི་ལུང་ཕྱོགས་འདི་ནང་ ལྷ་མོ་ཚེ་རིང་མཆེད་ལྔའི་གནས་ཁང་ཡང་ཚངམ་སྦེ་ཡོདཔ་ལས་ ཕྱོགས་ཀྱི་ལས་སྒོ་ཚུ་ལས་ སྲིད་སྡེའི་དཔལ་འབྱོར་རང་བཞིན་གྱིས་འདུ་བའི་ཡུལ་ཅིག་ཡང་ཨིནམ་ལས་ དུས་རབས་ ༡༥ པའི་ནང་བྱོན་མི་ཧཱུ་རལ་དྲུང་དྲུང་གི་རྣམ་ཐར་ནང་ལསཿ འབྲི་ཀློག་དར་བ་ཁ་བཞི་ལྷོ་ཡི་ཡུལ།། ཡུལ་ལ་ཁྱད་འཕགས་སྤ་གྲོ་སྨན་གྱི་ལྗོངས།། ལྷུན་སྟུག་གངས་རིའི་འཕྲེང་བས་ཡོངས་བསྐོར་བའི།། ཕུ་ན་ལྷ་ཆེན་གྲགས་པ་ཅན་རྣམས་བཞུགས།། བར་ན་གཤོང་ཞིང་རྒྱ་དར་བཏིང་འདྲ་ལ།། ཚིམས་བྱེད་འདོད་ཡོན་སྣ་ཚོགས་སྨིན་པའི་ཡུལ།། མདའ་ན་ལྷ་ཆབ་ཡན་ལག་བརྒྱད་ལྡན་རྒྱུན།། ཡོན་ཆབ་ལྟ་བུར་བབས་ནས་མཆོད་པར་འབུལ།། ཁོར་ཡུག་ནེའུ་གསིང་གཡུ་གཞོང་འདྲ་བ་ལ།། དུད་འགྲོ་སྣ་ཚོགས་སྐྱིད་པའི་རྩེད་འཇོ་ངོམས།། འདི་འདྲ་ལྷ་ཡུལ་ས་ལ་འཕོས་སམ་སྙམ།། རྣམ་ཀུན་དགའ་བའི་ཡིད་དབང་འཕྱང་མོ་ཉུག། འདོད་དགུ་འབྱུང་བའི་ཚོང་འདུས་ཕག་རི་ནས།། གསེར་གཡུ་དར་ཟབ་འདོད་རྒུ་ཆུ་བཞིན་འབབ།། དགོས་འདོད་ཀུན་འབྱུང་རྒྱ་གར་འཕགས་ཡུལ་ནས།། གསེར་དངུལ་དར་རས་ས་ཡི་རླངས་བཞིན་འཛོམས།། ཟེར་གསུངས་ཡོདཔ་བཟུམ་སྦེ་ རང་བཞིན་གྱིས་ཕུན་སུམ་ཚོགས་པའི་ལུངམ་ སྡོད་ཉམས་སྤྲོ་བའི་ས་ཕྱོགས་ཅིག་ཨིན། དེའི་སྐབས་སུ་ སྤ་རོ་སྟོད་བར་གསུམ་གྱི་ཐ་སྙད་ཡོད་མི་འདི་ཡང་ སྤ་རོ་བར་སྐོར་ཚོ་དྲུག་ཟེར་མི་ དོལ་སྟེང་ དོལ་ཤར་ ཝང་ཅང་ ལམ་གོང་ ཤརཔ་ ལུང་གཉིས་ཚུ་ལུ་བརྩི་བའི་ཁར་ སྤར་སྟོད་བཙན་གདོང་གླིག་དྲུག་དང་ སྤར་སྨད་རྡོ་དཀར་དང་ དེའི་གུར་ གདུང་ཡུལ་བཞི་དང་རྒྱ་བར་ཚོ་དྲུག་ཟེར་བརྩི་སྲོལ་འདུག། དུས་རབས་ ༢༠ པའི་ནང་ འབྲུག་གི་རྫོང་ཁག་ ༢༠ ལུ་བཅག་པའི་སྐབས་ ད་རེས་སྤ་རོ་རྫོང་ཁག་འོག་ལུ་ དོལ་སྟེང་ དོལ་ཤར་    ཧཱུ་རལ་ ཤར་པ་ རྡོ་དཀར་ ནགས་རྒྱ་ ལུང་གཉིས་ ལམ་གོང་ བཙན་གདོང་དང་རྒེད་འོག་ ༨ ཚུདཔ་ཨིན།

ད་རེས་ དོལ་ཤར་རྒེད་འོག་འོག་ལུ་ཡོད་པའི་བྱིན་རླབས་ཅན་གྱི་གནས་ འདམ་ཅན་གོང་མའི་བཤད་པ ཕུལ་ནི་ཨིན། སྤ་རོ་རྫོང་ཁག་ནང་ཡོད་པའི་ གནས་ཆེན་འདམ་ཅན་གོང་མ་འདི་ སྤ་རོ་ལྟ་རྫོང་ལས་འདམ་ཅན་གོང་མ་ཚུན་ སྣུམ་འཁོར་གསེབ་ལས་བདའ་སྟེ་འགྱོ་ཞིན་ན་ འདི་ཁ་ལས་ཡར་དང་ ཕུགས་ཀྱི་གཞུང་ལམ་བདའ་སྟེ་དུས་ཡུན་ཆུ་ཚོད་ ༡ འགྱོཝ་ད་ རྡོ་འཛིན་བསྐྱུར་ས་ལུ་ལྷོདཔ་ཨིན། འདི་གི་ལྟག་ལས་ལམ་གཡས་ཧོངས་གད་པ་ལོགས་ལས་ ཤིང་གུར་ལམ་རྟགས་བཀལ་བཞག་ཡོད་མི་ལས་ཡར་འཛེགས་ཏེ་ དུས་ཡུན་སྐར་མ་ ༢༠ ལུ་ལྷོད་ཚུགས་ཟེར་ཨིན་མས། འབྲས་ལ་ལས་མར་འོང་པ་ཅིན་ གཞུང་ལམ་གྱི་གཡོན་ཧོངས་ལུ་ནོར་གྱི་གླག་ཅིག་ཡོད་མི་འདི་ལས་ཕར་ འདམ་ཅན་གོང་མ་ལུ་འགྱོ་སའི་ལམ་ཡོདཔ་ཨིན་མས།

ལྷོ་འབྲུག་ཆོས་འབྱུང་ནང་ལས་ ཀུན་མཁྱེན་ཀློང་ཆེན་པའི་གདན་ས་ཀུན་བཟང་གླིང་ཟེར་མི་འདི་ཨིན་ཟེར་གསུངས་ནུག། དེ་ནང་དགོན་ཤུལ་གྱང་ཁོག་ཅིག་དང་འདི་གི་འོག་ལུ་སྒྲུབ་ཆུ་ཡ་མཚན་ཆེ་ཏོག་ཏོ་ཅིག་མཇལ་ནི་ཡོདཔ་མ་ཚད་ འདམ་ཅན་གོང་མའི་མི་ཚུ་གིས་སླབ་སྲོལ་ལུ་འབད་བ་ཅིན་ ས་གནས་འདི་གིས་མིང་བྲག་དཀར་ཟེར་སླབ་ཨིན་པས། གྱང་ཁོག་འདི་གི་ལྟག་ལུ་རྡོ་མ་འདྲཝ་ཅིག་ཡོད་མི་འདི་གནས་རྡོ་ཨིན་ཟེར་སླབ་ཨིན་པས།

འདམ་ཅན་གོངམ་འདི་ ཧཱུ་རལ་དྲུང་དྲུང་རྣམ་ཐར་ལས་འབད་བ་ཅིན་ ཆེ་བས་ཁའི་སྡིངས་དཀྱིལ་ན་ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོན་སྡེ་ལྕགས་རི་དང་བཅསཔ་ དེའི་གོང་སྟེང་ནགས་འདབས་སུ་ ཧཱུ་རལ་དྲུང་དྲུང་གིས་གདན་ས་བཏབ་སྟེ་ མིང་ཡང་ ཡང་དབེན་བདེ་ཆེན་གླིང་ཞེས་མཚན་གསོལ་ནུག་ཟེར་ཐོན་ནི་ཡོད། དོ་རུང་ རྣམ་ཐར་དེ་ནང་ལས་ ཀུན་མཁྱེན་གྱི་གདན་ས་ཆེ་བས་ཁའི་སྡིངས་དཀྱིལ་ནང་ཡོད་མི་འདི་ ཤུལ་མ་དྲུང་དྲུང་གིས་རྩིས་ལེན་ཞིནམ་ལས་ གཟིམ་ཁང་འོག་མ་དང་ སྔར་གྱི་སྒྲུབ་གནས་བདེ་ཆེན་གླིང་ལུ་ གཟིམ་ཁང་གོང་མ་ཟེར་སླབ་སྲོལ་དར་ཡི་ཟེར་གསུང་ཐངས་ལུ་བལྟཝ་ད་ ད་རེས་འདམ་ཅན་གོང་མ་ཟེར་མི་འདི་ དྲུང་དྲུང་གི་གཟིམ་ཁང་གོང་མ་ ཡང་དབེན་བདེ་ཆེན་གླིང་དང་ འདམ་ཅན་འོག་མ་ཟེར་མི་འདི་ དྲུང་དྲུང་གི་གཟིམ་ཁང་ཆེ་བ་རྫོང་འདི་ ཧེ་མ་ཀུན་མཁྱེན་གྱི་གདན་ས་ཀུན་བཟང་གླིང་ཟེར་མི་འདི་ར་ཨིན་ཟེར་སླབ་སྲོལ་འདུག།

ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གདན་ས་ཧཱུ་རལ་དྲུང་དྲུང་གིས་རྩིས་བཞེས་མི་འདི་གི་མིང་ལུ་ ཆེ་བས་ཁའི་སྡིངས་དཀྱིལ་ན་ཟེར་མ་གཏོགས་ ཀུན་བཟང་གླིང་དང་བསམ་གཏན་གླིང་གི་དབྱེ་བ་དང་མིང་ཚུ་ དྲུང་དྲུང་རྣམ་ཐར་ནང་ ག་ནི་ཡང་མ་བཀོད་པར་ཡོདཔ་ཨིན་རུང་ ཀུན་མཁྱེན་གྱི་གདན་ས་ སྤ་རོ་ཀུན་བཟང་གླིང་ཟེར་མི་འདི་ ཆེ་བས་ཁའི་རྫོང་འདི་ར་ཨིན་དགོ་ནི་དང་ ཀུན་མཁྱེན་གདན་ས་སྤ་རོ་བསམ་གཏན་གླིང་ཟེར་མི་འདི་ ད་རེས་ཤརཔ་བ་ར་གི་ལྟག་ལུ་ཡོད་མི་དེ་ར་ཨིནམ་འོང་ནི་ཨིན་མས།

ང་བཅས་རའི་རྒྱལ་ཁབ་ནང་ ཀུན་མཁྱེན་གྱི་གདན་ས་གླིང་བརྒྱད་ཟེར་ ཡོངས་གྲགས་ཡོད་མི་ཚུ་བུམ་ཐང་ལུ་ བབ་རོནཐར་པ་གླིང་ ཤིང་མཁར་བདེ་ཆེན་གླིང་ སྟང་ཨུ་རྒྱན་གླིང་ ཀུར་སྟོད་ཀུན་བཟང་གླིང་ ཤར་ཀུན་བཟང་གླིང་ སྔོན་ལུང་འབྲས་ལྕགས་གླིང་ ཁོ་ཐང་རིན་ཆེན་གླིང་ སྤ་རོ་བསམ་གཏན་གླིང་ཟེར་བརྩི་དོ་ཡོདཔ་ཨིན་མས། དེ་གུར་སྤ་རོ་ ཀུན་བཟང་གླིང་བཀལ་བ་ཅིན་ དགུ་ཐོན་ནི་ཨིན་མས། མ་པ་ཆེ་བས་ཁའི་གདན་ས་ཀུན་བཟང་གླིང་དེ་ ཧེ་མ་ཀུན་མཁྱེན་གྱི་གདན་ས་ཨིནམ་ངེས་བདེན་ཨིན་རུང་ ཤུལ་མ་ཧཱུ་རལ་དྲུང་དྲུང་ལུ་རྩི་སྤྲོད་གནང་ཞིནམ་ལས་ ཧཱུ་རལ་དྲུང་དྲུང་རིམ་བྱོན་གྱི་གདན་ས་སྦེ་ཡོངས་གྲགས་ཁྱབ་སོཔ་ལས་བ་རྟེན་ ཀུན་མཁྱེན་གྱི་གདན་ས་གླིང་བརྒྱད་ཀྱི་གྲངས་སུ་ ཀུན་མཁྱེན་གྱིས་ཤུལ་མ་ ཤར་པ་བ་ར་ལུ་གདན་ས་གསརཔ་བཅགས་གནང་མི་ སྤ་རོ་བསམ་གཏན་གླིང་འདི་ རྐྱངམ་གཅིག་བརྩིཝ་ཨིན་མས།

རྒྱབ་རྟེན་ཐོ།

༡༽ རྗེ་དགེ་འདུན་རིན་ཆེན། (གནམ་ལོ་མེད་ ༢༠༠༤) ལྷོ་འབྲུག་ཆོས་འབྱུང་།  འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང།

༢༽ དྲགོས་སངས་རྒྱས་རྡོ་རྗེ་དང་ཆ་རོགས་ཚུ། (གནམ་ལོ་མེད་ ༢༠༠༥) དད་པའི་ས་བོན། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་པར་སྐྲུན་ཁང།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.