སྐྱེ་ལྡན་གནས་སྟངས་ལྟ་བཤལ། Ecotourism

Wikipedia ལས།

སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཟེར་མི་འདི་ རང་བཞིན་གནས་སྟངས་ལུ་ཤ་ཞན་དང་ཉམས་སྲུང་འབད་ནི། མི་སྡེའི་མི་སེར་གྱི་འཚོ་བ་ལུ་ཕན་ཐོགས་ནི། དེ་ལས་ དབྱེ་དཔྱད་དང་ཤེས་ཡོན་སྤྲོད་ནི་འདི་ལུ་སླབ་ཨིན། (The International Ecotourism Society, 2015)། Gallagher (2021) གྱིས་འབད་བ་ཅིན་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཟེར་མི་འདི་ རང་བཞིན་གནས་སྟངས་ཀྱི་ལྟ་སྐོར་ལས་རྐྱངམ་གཅིག་མེན་པར་ ལྟ་སྐོར་འགྱོ་མི་དང་བཅས་པ་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ཡང་སེམས་ལུ་ངེས་དགོ་ཟེར་ཨིན་མས། དེ་གིས་མ་ཚད་ དེ་གི་དམིགས་པ་འབད་རུང་ ལྟ་བཤལཔ་ཚུ་ལུ་ རང་བཞིན་གནས་སྟངས་ཀྱི་སྐོར་ལས་ཤེས་ཡོན་བྱིན་ནི་དང་ རང་བཞིན་གནས་སྟངས་བདག་འཛིན་འཐབ་པའི་སྐབས་ཀྱི་གདོང་ལེན་ཚུ་བཤད་བྱིན་དགོཔ་འདི་གལ་ཆེ་ཟེར་ཨིན་མས། Turtle Island (2020) གིས་འབད་བ་ཅིན་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཟེར་མི་འདི་ ཚིག་ཐུང་ཀུ་ནང་འབད་བ་ཅིན་ ལྟ་སྐོར་དང་འགན་འཁྲི་ཅན་ཟེར་སླབ་ཨིན། དེ་ཡང་ རྒྱལ་ཁབ་རང་ར་སོ་སོ་ལུ་ གཞན་དང་མ་འདྲ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོདཔ་ལས་ དེ་ནང་སྤྲོ་བ་ཡོད་མི་ཚུ་དངོས་སུ་སྦེ་ ལྟ་སྐོར་ནང་ ཟས་འགྲོ་བཏང་སྟེ་འོང་དོ་ཡོདཔ་ཨིན། དེ་གིས་སྦེ་ རྒྱལ་ཁབ་ཀྱི་འོང་འབབ་བཟོ་ནི་ལུ་ ཁེ་ཕན་སྦོམ་འབྱུང་དོ་ཡོདཔ་དང་ མི་སྡེ་ནང་ལུ་འབད་རུང་དངུལ་དང་འབྲེལ་བའི་ཁེ་ཕན་འབྱུང་དོ་ཡོདཔ་ཨིན། དེ་བཟུམ་མའི་ཐབས་ཤེས་མེདཔ་འདྲཝ་ཅིག་འབད་བ་ཅིན་ ལྟ་བཤལཔ་ཚུ་ལྟ་སྐོར་ནང་འགྱོ་མི་དང་བཅས་ རང་བཞིན་གནས་སྟངས་ལུ་གནོད་པ་དང་ཐོ་སྦོམ་ཕོག་ནི་ཨིནམ་མ་ཚད་ ལྟ་བཤལཔ་ཚུ་རྒྱལ་ཁབ་ནང་འོང་ནི་གི་གྱངས་ཁ་ཡང་ ཚད་འཛིན་འབད་མི་ཚུགསཔ་ཨིན།

ལྟ་བཤལ་འོང་མི་དང་བཅས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་མེདཔ་འདྲཝ་ཅིག་འབད་བ་ཅིན་ དཀའ་ངལ་དང་རང་བཞིན་ལུ་ཐོ་སྦོམ་ཕོག་ནི་ཨིན། ལྟ་བཤལཔ་འོང་མིའི་གྱངས་ཁ་མང་མི་ལུ་བརྟེན་ཏེ་ དཀའ་ངལ་ཡང་ལེ་ཤ་ཅིག་འབྱུང་དོ་ཡོདཔ་ཨིན། དམིགས་བསལ་དུ་ འབྲུག་ལུ་ལྟ་བཤལཔ་མངམ་ར་ ལ་བཤལ་ནང་འགྱོ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ བཟའ་འཐུང་གི་རིགས་ཚུ་ ཆུ་ཤོག་ནང་བསྡམས་ཏེ་འབག་དོ་ཡོདཔ་ལས་ དེ་དང་བསྟུན་པའི་ཕྱགས་སྙིགས་ལེ་ཤ་ཐོནམ་ལས་ བདག་འཛིན་འབད་མི་མེད་པར་ལུས་དོ་ཡོདཔ་ཨིན། དེའི་ནང་ལས་ཡང་ ཇོ་མོ་ལྷ་རི་ལ་བཤལ་དང་ འབྲུག་ལ་བཤལ་ནང་འགྱོ་མི་མང་འགྱོ་དོ་ཡོདཔ་ལས་ ཁས་བླངས་པ་ཆ་ཁྱབ་ཀྱི་ ལ་འདི་ལས་ཕར་ཕྱགས་སྙིགས་བསྒྲོམ་ནི་གི་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ འབྲུག་ལ་བཤལ་ལས་ར་ ཕྱགས་སྙིགས་ཕད་རྩི་ ༨༠ ཐོན་ཡི་ཟེར་ཨིན་མས། དེ་དང་གཅིག་ཁར་ ལ་ཁ་ལུ་སྒར་བཅག་དགོཔ་ལས་ རང་བཞིན་གྱི་ཐོན་སྐྱེད་མེད་པའི་གུར་ ཡོད་མི་ཚུ་ཡང་མེདཔ་གཏང་དོ་ཡོདཔ་ཨིན། དེ་ཡང་ སྨན་རྡུམ་སྔོ་རྡུམ་ཚུ་བརྫམ་དོ་ཡོདཔ་མ་ཚད་ ལ་ཁ་ལུ་སྡོད་མི་ཚུ་གི་ཐོན་སྐྱེད་གཞན་ཚུ་ཡང་མེདཔ་གཏང་དོ་ཡོདཔ་ཨིན། ལྟ་བཤལཔ་མང་མི་ལས་བརྟེན་ ཤ་བདའ་ནི་དང་ གོང་ཚད་ཅན་གྱི་སྨན་རྫས་ལ་སོགས་པ་ཚུ་ཡང་ ཚུལ་མིན་གྱི་ཐོག་ལས་འབག་འགྱོ་དོ་ཡོདཔ་ཨིན།

དོ་རུང་ ལྟ་བཤལཔ་མང་མི་ལས་བརྟེན་ ལྟ་བཤལཔ་སྡོད་སའི་ཁྱིམ་ལ་སོགས་པ་ཚུ་ལས་ཐོན་པའི་བཙོག་ཆུ་འདི་ཚུ་ ག་ལྷོད་བཏང་མི་ལུ་བརྟེན་ཏེ་ ཆུ་ཡོད་པའི་ས་གོ་ནང་ལས་ཕར་སྡོད་མི་སེམས་ཅན་ དཔེར་ན་ཁྲུང་ཁྲུང་དཀར་མོ་ཚུ་ལུ་གནོད་ནི་ཨིནམ་མ་ཚད་ ཤུལ་ལས་མེདཔ་འགྱོ་ནིའི་ཉེན་ཁ་ཡང་ཡོདཔ་ཨིན། (Cross, n.d.)། ལྟ་བཤལཔ་མང་པ་ལས་བརྟེན་ ནད་མ་འདྲཝ་ཚུ་ཡང་འབྱུང་སྲིད་ནི་ཨིན་མས། དེ་གིས་སྦེ་ མི་རྐྱངམ་གཅིག་ལུ་མེན་པར་ སེམས་ཅན་དང་རང་བཞིན་ཚུ་ལུ་གནོད་པ་འབྱུང་སྲིད་ནི་ཨིན་མས། གྲོང་གསེབ་ཚུ་ནང་ལུ་ ཁུར་ཆ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྟ་དང་གཡག་གི་གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ ཙྭ་འབྲོག་མ་ལངས་པའི་དཀའ་ངལ་ཡང་འབྱུང་དོ་ཡོདཔ་ཨིན།

ཨིན་རུང་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ལུ་བརྟེན་ཏེ་ (Toronto School of Management, 2019) གིས་འབད་བ་ཅིན་ དང་པ་ ལམ་སྲོལ་དང་རང་བཞིན་གྱི་གོ་བ་བརྡ་སྤྲོད་འབད་ནི་ལུ་ཕན་ཐོགས་འབྱུངམ་ཨིན། གཉིས་པ་ ལྟ་བཤལཔ་དང་ལམ་སྟོན་པ་གཉིས་ཆ་ར་ལུ་ ཉམས་མྱོང་ཚུད་དེ་ འབྲེལ་བ་བཞག་ཚུགས་དོ་ཡོདཔ་ཨིན། གསུམ་པ་ རང་བཞིན་གནས་སྟངས་ཀྱི་དཀའ་ངལ་མར་ཕབ་ཚུགས་ནི། མི་སྡེ་ནང་ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ དངུལ་གྱི་ལྷན་ཐབས་འབད་ནི། རང་བཞིན་གཙང་སྦྲ་བཞག་ཐབས་ལུ་ དམིགས་པ་བསྐྱེད་ཚུགས་དོ་ཡོདཔ་ཨིན། སྐྱེ་ལྡན་གནས་སྟངས་ལྟ་བཤལ་ལས་བརྟེན་ གྲོང་གསེབ་ཀྱི་ས་གོ་ནང་གི་གནས་སྟངས་ཚུ་ཡར་དྲག་འགྱོ་སྟེ་ གོང་འཕེལ་འགྱོ་མི་དང་བསྟུན་ཏེ་ མི་གི་འཚོ་བའི་གནས་སྟངས་ཡང་ཡར་དྲག་འགྱོ་ནི་ལུ་ཕན་ཐོགས་འབྱུང་ནི་ཨིན་མས།

དེ་བཟུམ་མའི་ལྟ་བཤལཔ་གི་དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ལྟ་བཤལཔ་དང་མི་སྡེ་གཉིས་ཆ་ར་ལུ་ ཆོག་དང་མ་ཆོག་པའི་རྣམ་གཞག་ཚུ་ ཧིང་སང་ས་བཟོ་ནི་དང་ བཅའ་ཡིག་ཚུ་གསར་བཟོ་འབད་ནི། ང་བཅས་འབྲུག་རྒྱལ་ཁབ་བཟུམ་སྦེ་ ལྟ་བཤལཔ་གི་གྱངས་ཁ་ཚད་འཛིན་འབད་བཞག་པ་ཅིན་ དེ་བཟུམ་མའི་དཀའ་ངལ་ཉུང་ནི་དང་མི་འབྱུང་ནི་ཨིན་མས། Framba (2020) གིས་འབད་བ་ཅིན་ ལྟ་བཤལཔ་འོང་ནི་གི་དུས་ཚོད་ སོ་ཁ་དང་སེར་ཁ། བྱཱར་དང་དགུན་སྦེ་དབྱེ་བ་ཕྱེས་ཏེ་འབད་བ་ཅིན་ བདག་འཛིན་འཐབ་ནི་ལུ་ཡང་འཇམ་ཏོང་ཏོ་འོང་ནི་དང་ རང་བཞིན་གནས་སྟངས་དང་འབྲེལ་བའི་དཀའ་ངལ་ཚུ་ཡང་ཕབ་ཚུགས་ཟེར་བཤདཔ་ཨིན་མས། ལ་བཤལ་བཟུམ་ཅིག་ནང་ གྱངས་ཁ་ཚད་དང་ལྡནམ་སྦེ་བཟོ་བ་ཅིན་ ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་མར་ཕབ་ཚུགས་ནི་ཨིན། དེ་མ་ཚད་ ལྟ་བཤལཔ་ཚུ་འོང་པའི་སྐབས་ ནད་གཞི་ཡོད་མེད་བརྟག་དཔྱད་འབད་ནི་གི་མཐུན་རྐྱེན་ཚུ་བཙུགས་པ་ཅིན་ སྟབས་བདེ་ཏོག་ཏོ་འོང་ནི་ཨིན་ནོ།།

References:

Cross, D. T. (n.d.). The global problem from excessive tourism. Retrieved from https://meuresiduo.com/en/blog-en/the-global-problem-from-excessive-tourism/

Framba, A. (2020, February 14). Overtourism: Causes, Consequences and Solutions. Retrieved from https://ecobnb.com/blog/2020/02/overtourism-causes-consequences-solutions/

Gallagher, K. (2021, April 30). What Is Ecotourism? Definition, Examples, and Pros and Cons. Retrieved from Treehugger: https://www.treehugger.com/what-is-ecotourism-definition-examples-5181259

Gyeltshen, N. (n.d.). Concept of Ecotourism. The Druk Journal. Retrieved from http://drukjournal.bt/concept-of-ecotourism/

The International Ecotourism Society. (2015). What is Ecotourism? Retrieved from https://ecotourism.org/what-is-ecotourism/

Toronto School of Management. (2019, January 21). What is ecotourism and why is it important? Retrieved from https://www.torontosom.ca/blog/what-is-ecotourism-and-why-is-it-important

Turtle Island . (2020, June 11). What is Ecotourism? – Concept Explanation & Goals. Retrieved from https://www.turtlefiji.com/what-is-ecotourism/