སྐྱབས་མགོན་ངག་གི་དབང་པོའི་སྐུ་བསྟོད་ཀྱི་ལིགས།

Wikipedia ལས།

༄༅། །སྐྱབས་མགོན་ངག་གི་དབང་པོའི་སྐུ་བསྟོད་བཞུགས་སོ།།

༄༅། །ངག་དབང་བསྟན་འཛིན་རྣམ་པར་རྒྱལ་བ་ལ་བསྟོད་པ་ཡེ་ཤེས་ཀྱི་མཁའ་འགྲོས་རྨི་ལམ་དུ་སྩལ་བ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་འཇིག་རྟེན་དབང་། །སྙིགས་མའི་དུས་འདིར་འགྲོ་བ་འདུལ་མཛད་དུ། །གདུང་འདིར་སྤྲུལ་པ་དགུ་རུ་ལུང་བསྟན་པའི། །སྙིང་པོའི་གསལ་བྱེད་གཉིས་པར་གསོལ་བ་འདེབས། །ཞིང་འདིའི་གདུལ་བྱ་མ་ལུས་མཐར་སོན་ཕྱིར། །ཉི་ཟླའི་བགྲོད་པའི་འཕོ་བ་ཀུན་བཅོམ་ནས། །ཉི་ཁྲི་ཆིག་སྟོང་དྷཱ་ཏིའི་དབྱིངས་སུ་སད། །རྡོ་རྗེ་ལྟ་བུའི་སྐུ་ལ༴། གང་ཞིག་ཤེས་བྱ་མ་ལུས་མཁྱེན་བརྩེའི་བདག །འགྲོ་མང་གང་འདུལ་གཙུག་ལག་གཞུང་ལུགས་ཀུན། །རབ་གསལ་སྒྲིབ་བྲལ་ཆོས་ཀྱི་དགའ་སྟོན་འགྱེད།། ཁྱོད་གསུང་ཚངས་པའི་དབྱངས་ལ་གསོལ་བ་འདེབས། །མཉམ་ཉིད་ཀློང་ལས་མི་འགལ་དུ་མའི་གར། །གཅིག་ཏུ་བསྟན་པ་མངོན་པར་བྱང་ཆུབ་ཏུ།། འཆར་མཛད་ཟུང་འཇུག་ལམ་གྱི་མགོན་གཅིག་པུ། །ཁྱོད་ཐུགས་སྒྲིབ་གཉིས་བྲལ་ལ༴།།དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཡོངས་འཛིན་ངག་གི་དབང་པོའི་ཞབས་བརྟན་ཞིང་། །བདག་སོགས་གདུལ་བྱར་གྱུར་པའི་ཞིང་རྣམས་ལ། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མཁའ་མཉམ་འགྲོ་ལ་ཕན་པ་འབྱུང་བ་དང་། །ཐུབ་པའི་བསྟན་པ་ཡུན་རིང་གནས་པའི་ཕྱིར། །མཚུངས་མེད་བླ་མ་བསྐལ་བརྒྱར་ཞབས་བརྟན་ཞིང་། །མཛད་པ་འཕྲིན་ལས་རྟག་ཏུ་རྒྱས་གྱུར་ཅིག། ༈ རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །བསྟན་པའི་མངའ་བདག་ངག་དབང་ཆོས་ཀྱི་རྗེ། །མི་འགྱུར་སེང་གེའི་ཁྲི་ལ་རྟག་བཞུགས་ནས། །བསྐལ་བརྒྱར་ཆོས་ཀྱི་དགའ་སྟོན་སྩལ་དུ་གསོལ། །ཞེས་པ་རྗེ་སྟག་རྩེ་པ་ངག་དབང་པད་དཀར་དབང་པོས་མཛད་པའོ།། ༈ འོད་དཔག་མེད་པའི་སྲས་ཀྱི་ཐུ་བོ་པ། །ཐུགས་རྗེ་ཆེན་པོ་དཔལ་ལྡན་འབྲུག་པའི་གདུང་། །རྒྱལ་བའི་སྲས་པོ་ངག་དབང་རྣམ་རྒྱལ་ཞབས། །སྐུ་ཚེ་བསྟན་ཅིང་འཕྲིས་ལས་རྒྱས་གྱུར་ཅིག། ༈ ཡང་དེ་ལ་བསྟོད་པ། རྒྱལ་དང་རྒྱལ་སྲས་བརྩེ་བའི་སྤྱི་གཟུགས་འཛིན།། ཞི་ཁྲོ་རབ་འབྱམས་བྱིན་རླབས་ཐུགས་མཚོར་འཁྱིལ། །འཕྲིན་ལས་རྣམ་བཞིས་འགྲོ་ཀུན་སྨིན་མཛད་པའི།།མཛད་སོགས་མུ་མཐའ་མེད་པར་བཞུགས་སུ་གསོལ། །ཞེས་པ་ལྷ་དབང་བློ་གྲོས་མཛད་པའོ།། ༈ མཁྱེན་པའི་ཆུ་གཏེར་ངག་གི་རོལ་པའི་མཚོར། །བརྩེ་བའི་དབང་ཕྱུག་ཆུ་སྐྱེས་འདབ་སྟོང་རྩེར། །ནུས་པའི་མཐུ་སྟོབས་རྡོ་རྗེ་རྣམ་རྒྱལ་བའི། །འགྲོ་བའི་བླ་མ་འགྱུར་མེད་བདེ་ལེགས་ཤོག །ཅེས་པ་འདི་ཉིད་དཔོན་ས་དབང་འཛིན་གྱི་ཞུས་པའི་ངོར་རྗེ་རང་ཉིད་གིས་མཛད་པའོ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་ཟློས་གར་ལས། །གདུང་དང་ན་བཟའི་མཚན་ཅན་སྤྲུལ་པའི་སྐུ།། ངག་དབང་རྣམ་རྒྱལ་མི་འཇིགས་སེང་གེའི་ཁྲིར། །ཇི་སྲིད་བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག། ༈ ཡང་དེ་ལ་བསྟོད་པ་རྗེ་ལྷ་དབང་བློ་གྲོས་ཀྱིས། སྐལ་བཟང་སྟོན་པ་སྟོང་གི་སྤྱི་གཟུགས་འཛིན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་གར་སྒྱུར་བ། །འགྲོ་མགོན་རྒྱ་རས་གདུང་གི་རྩེ་མོར་སོན། །རྗེ་བཙུན་གསར་གཟུགས་འཛིན་དེར་གསོལ་བ་འདེབས། །ཐུན་མོང་རིག་གནས་བཞི་དང་ནང་དོན་རིག། །མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལ་མཁས། །བཀའ་བརྒྱུད་གདམས་ངག་རྒྱ་མཚོའི་ཀློང་ན་འཁྱིལ།། རྗེ་བཙུན་མཁྱེན་བརྩེའི་གཏེར་ལ༴། །སྙིགས་མ་ལྔ་ཡི་མ་རུངས་བདོ་བའི་དུས།། སངས་རྒྱས་ཞི་ཁྲོ་རབ་འབྱམས་ནུས་པ་བསྡུས། །ཕས་རྒོལ་གནོད་པའི་དབལ་རྣམས་འཇོམས་པ་ལ། །ཕྱག་ན་རྡོ་རྗེ་འཛིན་དེར༴ །བསྡུ་བ་བཞི་དང་འཕྲིན་ལས་རྣམ་པ་བཞིས། །སྐལ་བཟང་འགྲོ་རྣམས་ཐར་པའི་ལམ་ལ་འགོད། །ངག་ལ་དབང་སྒྱུར་རྣམ་པར་རྒྱལ་བའི་སྡེ། །བསྐལ་བརྒྱར་འགྲོ་བའི་དོན་དུ་ཞབས་བརྟན་ཤོག །དེ་ལྟར་རྩེ་གཅིག་མོས་པའི་གསོལ་འདེབས་ཀྱི། །འགྲོ་རྣམས་བརྒལ་དཀའ་འཁོར་བའི་མཚོ་སྒྲོལ་ནས། །རྣམ་གྲོལ་རིན་ཆེན་གླིང་དུ་རབ་སོན་ཅིང་། །འཕྲིན་ལས་རྒྱལ་མཚན་རྩེ་མོར་འཁོད་གྱུར་ཅིག། ༈ འགྲོ་བའི་དོན་དུ་བསམ་བཞིན་སྐུ་སྤྲུལ་པའི། །སྐྱེས་མཆོག་དམ་པ་ངག་དབང་རྣམ་རྒྱལ་ཞེས། །མཐའ་འཁོབ་མོན་གྱི་སེམས་ཅན་གདུལ་བྱ་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་དུ་གསོལ། །གཞན་ཡང་དམུ་རྒོད་སྐལ་དམན་སེམས་ཅན་རྣམས། །དུས་ལ་ཁག་བཞག་སྤྱོད་ངན་སྣ་ཚོགས་བྱེད། །དེ་འདྲར་གཟིགས་ཚེ་ངེས་འབྱུང་མི་ཟད་པའི། །བདག་གཞན་བརྗེ་བའི་དགེ་རྩ་ཆེར་མཛད་དེ། །ཉི་ཟླ་གནས་ཀྱི་བར་དུ་ཞབས་བརྟན་མཛོད།། བདག་སོགས་བྷུ་སུ་ཀུ་བའི་རྣལ་འབྱོར་ལ། །སྐྱེ་དང་སྐྱེ་བར་སྐྱེས་མཆོག་ཁྱོད་ཉིད་དང་། །དུས་དང་རྣམ་པ་ཀུན་ཏུ་མི་འབྲལ་ཞིང་། །བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟུངས། །ཞེས་པ་དེ་ས་སྐྱ་བདག་ཆེན་གྱིས་ཕུལ་བའོ།།