ས་བཅུད་བུམ་གཏེར་གྱི་སྒྲུབ་ཆོག་བསྡུས་པ།

Wikipedia ལས།

༄༅། །ས་བཅུད་བུམ་གཏེར་སྒྲུབ་ཆོག་ཤིན་ཏུ་བསྡུས་པ་བཞུགས་སོ།།

བདག་བསྐྱེད་སྔོན་དུ་སོང་ནས། ཨ་མྲྀ་ཏས་བསངས། སྭབྷ་ཝས་གཏེར་བུམ་དམིགས་མེད་པར་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །བྷཱུཾ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཕྱི་ནི་བུམ་པ་ནང་གི་གཞལ་ཡས་ཁང་། །ཤིན་ཏུ་ཉམས་དགའ་ལོངས་སྤྱོད་དུ་མས་གང་། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀྵྀཾ་ལས་སེམས་དཔའ་ས་ཡི་སྙིང་པོ་དཀར། །མྱུར་དུ་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག །ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན། །རྒྱབ་ཏུ་ས་བདག་དབང་ཆེན་སྐུ་མདོག་སེར། །ཞལ་གཅིག་སྦྲུལ་མགོ་བཞི་ཡི་གདེངས་ཀ་ཅན། །གཡས་གཡོན་ལྷ་ཀླུ་གཞི་བདག་ཕོ་མོ་གསལ། །གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཨོཾ་ཀྵྀཾ་ཧེ་རཱ་ཛ་པྲྀ་ཋཱི་དེ་བཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨེ་ཧྱེ་ཧི་བཛྲཿས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་སྟྭཾ། ས་མ་ཡ་ཧོ༔ སེམས་དཔའ་ས་ཡི་སྙིང་པོ་དང་། །ས་ཡི་ལྷ་མོ་བརྟན་པ་ཆེ། །ས་བདག་ཀླུ་གཉན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བུམ་ལྷའི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་འཕྲོས་བརྟན་གཡོའི་རྒུད་པ་ཞི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི། །ས་བཅུད་བསྡུས་ནས་བུམ་པར་ཐིམ། །དངོས་གྲུབ་ཀུན་གྱི་གཏེར་དུ་གྱུར། །ཨོ་ཀྵྀཾ་ཧེ་རཱ་ཛ་པྲི་ཐི་ཝི་དི་བཱི་སཱཧཱ༔ ཞེས་བསྙེན་པ་དང་། ཨོ་ཀྵྀཾ་ཧེ་རཱ་ཛ་སྲི་པྲི་ཋཱྀ་ཝི་དི་བཱི་སརྦ་སིདྡྷི་སྭཱཧཱ༔ ཞེས་སྒྲུབ་པ་དང་། ཨོ་ཨ་ཀ་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱཧཱ། ཞེས་ལས་སྦྱོར་རོ། །ས་སྙིང་ས་ཡི་ལྷམོ་བཅས། །གཏེར་བུམ་འདི་ལ་བརྟན་པར་བཞུགས། །ས་བཅུད་དཔལ་གཡང་རྒྱས་པར་མཛོད། །ལས་དང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། འབད་དང་རྩོལ་བ་སོགས་ཀྱི་བཀྲ་ཤིས་པར་བྱའོ། །ཞེས་པའང་དགེ་རིན་པས་སོ།། །།