ཤཝ་ཤ་ཁྱི་འཆམ། Shaw Shakhyi Mask Dance

Wikipedia ལས།

གར་འཆམ་ཟེར་མི་དེ་ར་ ལག་པ་ལྷའི་ཕྱག་རྒྱ་དང་མཐུན་པའི་གར་བསྒྱུར་ཏེ་ རྐངམ་ལྷའི་སྟངས་སྟབས་དང་མཐུན་པའི་གྲོས་ཀྱིས་འཆམ་པའི་ རྒྱུ་མཚན་གྱིས་ གར་འཆམ་ཟེར་སླབ་ཨིན། གར་འཆམ་ལུ་དབྱེ་མ་འདྲཝ་ལེ་ཤ་ཡོད་པའི་གྲས་ལས་ སྐབས་སུ་བབས་པ་ ཤ་ཝ་ཤ་ཁྱིའི་གར་འཆམ་ཟེར་མི་དེ་ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ རྗེ་བཙུན་མི་ལ་རས་པ་མཆོག་གིས་ ཐུགས་སྲས་ཤ་རོགསཔ་མགོན་པོ་རྡོ་རྗེ་ ཤཝ་ཤ་ཁྱི་དང་བཅས་པ་རྗེས་སུ་བཟུང་སྟེ་ དག་པ་མཁའ་སྤྱོད་ཀྱི་གནས་སུ་བཏང་བའི་མཛད་རྣམ་གྱི་གར་འཆམ་ཅིག་དང་ ཡང་ན་ ཤ་རོགསཔ་མགོན་པོ་རྡོ་རྗེ་ ཤཝ་ཤ་ཁྱི་དང་བཅས་པ་གཙོ་བོར་བཏོན་ཏེ་ འཁྲབ་པའི་འཆམ་ཨིནམ་ལས་བརྟེན ཤ་ཝ་ཤ་ཁྱིའི་གར་འཆམ་ཟེར་སླབ་ཨིན། མཁན་པོ་ཉི་མ་ཤར། (ས་ཕོ་ཁྱི་ལོ་ སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༥༡)

འཆམ་གྱི་འབྱུང་ཁུངས་དེ་ཡང་ སྔོན་དུས་རབས་ ༡༡ པའི་ནང་ གངས་ཅན་གྲུབ་པའི་དབང་ཕྱུག་ཆེན་པོ་ རྗེ་བཙུན་མི་ལ་རས་པ་ཟེར་ཞུ་མི་འདི་ བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ སྙི་ཤང་ཀུར་ཏ་ཟེར་བའི་དབེན་པའི་གནས་ཀྱི་བྱག་ཕུག་ཅིག་ནང་ དག་པ་ས་གསུམ་གྱི་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་གྱུར་ཚར་ཏེ་ འགྲོ་བ་ཡོངས་དང་ མཐའ་ན་ཧ་ཅང་གིས་རྨོངས་པའི་དུད་འགྲོ་ཚུ་ལུ་ཡང་ཕན་ཐོགས་ཚུགས་པའི་ དམ་པའི་ཆོས་ཀྱི་དོན་དག་ཚུ་གོ་བརྡ་འཕྲོད་ཚུགས་པའི་རང་དབང་ཐོབ་སྟེ་བཞུགས་བཞུགསཔ་ཨིན་པས། དུས་ནམ་ཅིག་གི་ཚེ་ གནས་དེའི་ཕུག་ལས་མར་ དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ སྒྲུབ་ཕུག་གི་འོག་ལས་ མི་སྐད་དང་ཁྱི་སྐད་ཅིག་ལྷང་ལྷང་ཅིག་བྱུང་སྟེ་ ག་ཅི་ཨིན་ན་མནོ་སྟེ་ བྲག་ཕུག་གི་འོག་ལུ་ རྡོ་ཕུང་ཅིག་གུར་བྱོན་ཏེ་ ཐུགས་སྙིང་རྗེ་ཆེན་པོའི་ངང་ལུ་བཞུགསཔ་ད་ ཤཝ་དམརཔོ་གནམ་མེད་ས་མེད་འུ་སྡུག་ཐང་ཆད་ གཟུགས་ཀྱི་སྤུ་ཉག་མ་རེ་ལས་རྔུལ་ནག་ཐིག་པ་རེ་འཐོན་མི་ཅིག་ བྱོག་སྟེ་བླ་མའི་ཁ་ཐུག་སྐྱབས་ཞུ་བར་འོངམ་ད་ ཐུགས་སྙིང་རྗེའི་ངང་ལས་ བློ་སྣ་ཆོས་ལུ་སྒྱུར་བའི་མགུར་མ་ཅིག་གསུངམ་ད་ ཤཝ་དེ་མིག་ཏོ་ནང་ལས་མིག་ཆུ་ཤོར་ཏེ་ རྗེ་བཙུན་གྱི་ན་བཟའ་ལྕེ་གིས་བལྡག་ཞིནམ་ལས་ རྗེ་བཙུན་གྱི་གཡས་ཕྱོགས་ལུ་ཉལ་ཏེ་སྡོད་ནུག།  

དེ་གི་བར་ན་ར་ ཁྱི་མོ་དམར་མོ་པན་ཙེ་ལེ་ཤ་གིས་སྐེ་སྐོར་བརྐྱབས་མི་ཅིག་ ལྕེ་དར་ཡུག་བཟུམ་སྦེ་བརྐྱང་ ཞེ་སྡང་དྲག་པོའི་སེམས་ཀྱིས་ སྐད་དྲག་བཏོན་ཏེ་ གློག་འཁྱུག་དོ་བཟུམ་སྦེ་ ཤཝ་གི་རྗེས་བཅད་དེ་ལྷོད་མི་ལུ་ ཐུགས་སྙིང་རྗེའི་ངང་ལས་ བློ་ཆོས་ལུ་སྒྱུར་བའི་མགུར་མ་ཅིག་གསུངས་གནངམ་ད་ ཁྱི་མོ་དེ་ཡང་ མཇུག་མ་རིལ་རིལ་སྦེ་ ན་བཟའ་ལྕེ་གིས་བལྡག་སྟེ་ རྗེ་བཙུན་གྱི་གཡོན་ཕྱོགས་ལུ་སྡོད་ཞིན་ན་ ཤཝ་དང་མ་བུ་བཟུམ་སྦེ་ བརྩེ་བ་ཅན་སྦེ་སྡོད་ནུག། སེམས་ཅན་དེ་གཉིས་ཀྱི་ཤུལ་ལས་ མི་ནག་སྡིག་ཅན་ མིག་རྩ་འཁྲུགས་པ་ སྐྱ་སྤྱི་གཙུག་སྦུག་ལུ་བཅིངས་ བགོ་གི་མཐའམ་གཡས་བརྫེས་གཡོན་བརྫེས་སྦེ་ ལག་པར་མདའ་གཞུ་འབག་ དབུགས་ཁར་ཤོང་མ་ཤོང་སྦེ་ རྔུལ་ནག་ཁྲག་བཟུམ་འབབ་མི་ཅིག་ལྷོད་དེ་ ཁྱི་དང་ཤཝ་རྗེ་བཙུན་གྱི་སྐུ་མདུན་ལུ་ མ་བུ་བཟུམ་སྡོད་སར་མཐོངམ་ད་ སྒོམ་ཆེན་དེ་གིས་ ཁྱི་དང་ཤ་ཝ་ལུ་ ངན་ཅིག་རྐྱབ་རྐྱབ་མེན་ན་མནོ་བའི་ཞེ་སྡང་ལངས་ཏེ་ “ཁྱེད་སྒོམ་ཆེན་ཚུ་ལས་ཁྱབ་ཆེ་བ་ཅིག་མིན་འདུག། མཐོཝ་གངས་དཀར་སྟེང་ལུ་རི་དྭགས་བསད་སར་ཡང་ཁྱེད་རས་པ་ཚུ་ལྷོདཔ་མས། བར་གྲོང་ཡུལ་ནང་ ཁེ་ཚོང་དང་འཐབ་མོ་འབད་སར་ཡང་ཁྱེད་རས་པ་ཚུ་ལྷོད་པས། དམའ་བ་རྒྱ་མཚོའི་འགྲམ་ལུ་ཉ་བཟུང་སར་ཡང་ཁྱེད་རས་པ་ཚུ་ལྷོད་པས། ཁྱེད་རེ་རེ་གཉིས་གཉིས་འདི་གསད་ད་རུང་སྐྱོན་མིན་འདུག། ཁྱོད་ཀྱིས་ངེའི་ཤཝ་དང་ཤ་ཁྱི་གཉིས་ སྐྱབས་འབད་ཚུགས་དོ་བཟུམ་ ཁྱོད་ཀྱི་རས་གོས་དེ་གིས་ ངེའི་དུག་མདའ་མ་གསང་སྒྲོ་ལྔམ་འདི་ཡང་ སྐྱབས་ཚུགས་མི་ཚུགས་བལྟ་གེ་སྨ་རེ” ཟེར་སླབ་སྟེ་ མདའ་ཐེ་ཚོམ་མེད་པར་རྐྱབ་བྱིན་པའི་སྐབས་ བླ་མའི་སྐུ་གཟུགས་ལུ་ཕོག་ནི་ཕར་བཞག་ ཁོ་རའི་མདའ་ཞུ་དེ་ཡང་དུམ་ད་ཁེམ་སྦེ་ཆག་ཡར་སོ་ནུག། དེ་ལུ་ཤ་རོགསཔ་འདི་ ག་ཅི་ཨིན་ན་མནོ་སྟེ་སྡོད་པའི་བར་ན་ རྗེ་བཙུན་ཆེན་པོའི་ཞལ་ལས་ “ཁྱོད་ཀྱི་མདའ་དེ་ ནམ་ཡང་རྐྱབ་ལོང་འོང་ དང་པ་ར་ངེའི་གླུ་ལུ་ཚར་གཅིག་ཉན་ད་” ཟེར་གསུངས་ཏེ་ དམ་པའི་ཆོས་ཀྱི་མགུར་མ་ཅིག་གསུངས་གནངམ་ད་ ཁྱི་ར་བ་མགོན་པོ་རྡོ་རྗེ་ཡང་ ཁྱི་དང་ཤཝ་གི་སྡོད་ཚུལ་དང་ མདའ་ལྟོང་ལས་ཤོར་མི་ཚུ་ལུ་མནོ་བསམ་བཏངམ་ད་ སྒོམ་ཆེན་རས་པ་འདི་ ཡང་ན་ ངན་སྔགས་མཁན་ཅིག་དང་ ཡང་ན་ བླ་མ་ཁྱད་པར་ཅན་ཅིག་ཨིནམ་འོང་ནི་མས་མནོ་བའི་ཐེ་ཚོམ་བསྐྱེད་དེ་ བླ་མའི་སྤྱོད་ལམ་ལུ་བརྟག་དཔྱད་འབད་དགོ་པས་མནོ་ སྒྲུབ་ཕུག་ནང་ན་སོང་སྟེ་ལྟཝ་ད་ ཟ་ནི་ཧོད་སྟོང་ཟྭོ་ཆག་གི་རྩ་བ་ཅིག་མ་གཏོགས་ གཞན་ག་ནི་ཡང་མིན་འདུག་ཟེར་ཨིན་མས། དེ་ལས་ བླམ་ལུ་དད་པ་དང་མོས་གུས་སྦོམ་བསྐྱེད་དེ་ ཁྱི་དང་ཤཝ་ མདའ་གཞུ་དང་ཞགས་པ་ཚུ་ག་ར་ འབུལ་བ་སྦེ་ཕུལ་ཏེ་ ཆོས་ཞུ་ཞིན་ན་ ཤུལ་མར་ རྗེ་བཙུན་གྱི་སློབ་མ་ཁྱི་ར་རས་པ་ ཟེར་མི་ཐུགས་སྲས་གཅིག་བྱུང་ཡོད་མིའི་རྣམ་ཐར་ལུ་གཞི་བཞག་སྟེ་སྟོན་པའི་གར་འཆམ་ཅིག་ཨིན།

གར་འཆམ་དེ་ལུ་དབྱེ་བ་ཅིན་ གཞི་གཅིག་ར་ཨིན་རུང་ རྐྱབ་ཐངས་ཀྱི་ཁྱད་པར་ཨ་ཙེ་རེ་མ་འདྲཝ་ལ་བརྟེན་ དར་དཀར་ན་གི་ཤཝ་ཤ་ཁྱི། སྤ་རོ་ཚེས་བཅུའི་ཤཝ་ཤ་ཁྱི། རྒྱལ་ས་ལྟེ་བ་ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་གི་གཙོས་པའི་ རྫོང་ཁག་གཞན་ཚུ་ནང་རྐྱབ་སྲོལ་ཡོད་པའི་ ཤཝ་ཤ་ཁྱི་ཟེར་མ་འདྲཝ་ཁག་གསུམ་ཡོདཔ་ཨིན། (མཁན་པོ་ཉི་མ་ཤར། ས་ཕོ་ཁྱི་ལོ་ སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༥༡)

གར་འཆམ་འདི་ང་བཅས་ར་ཆ་ཁྱབ་ཀྱིས་ བློ་སེམས་རྩེ་ཅིག་ཏུ་བསྐྱེད་ནི་དང་ དད་པ་དང་མོས་གུས་དྲག་པོའི་སྒོ་ལས་མཇལ་ད་པ་ཅིན་ གར་འཆམ་དེ་ནང་ ཚེ་སྟོད་ལུ་བཤན་པའི་ལཱ་ངན་འབད་མི་ སྡེིག་ཅན་ཤ་རོགསཔ་མགོན་པོ་རྡོ་རྗེ་བཟུམ་ཡང་ ཚེ་སྨད་ལུ་བླམ་རྗེ་བཙུན་རིན་པོ་ཆེ་དང་མཇལ་ཏེ་ དམ་པའི་ཆོས་ཀྱི་ཉམས་ལེན་ཚུལ་བཞིན་དུ་འབད་མི་ལུ་བརྟེན་ ཧེ་མའི་སྡིག་པ་ཚུ་ག་ར་དག་སྟེ་ ཚེ་གཅིག་ལུས་གཅིག་ལུ་སངས་རྒྱས་པའི་གྲུབ་ཐོབ་ཅིག་ལུ་གྱུར་དོ་ཡོདཔ་ལས་ ང་བཅས་ར་ག་ར་ཨིན་རུང་ རང་གིས་ཧེ་མ་འབད་བའི་སྡིག་པའི་ལཱ་ གཞན་ལས་ངན་པ་ཚུ་ལུ་ འགྱོད་སེམས་དྲག་པོའི་སྒོ་ལས་ བཤགས་པ་ཕུལ་ཏེ་ ཕྱིན་ཆད་ད་ལས་ཕར་དེ་བཟུམ་རྩ་ལས་མི་འབད་ཟེར་བའི་ ཁས་བླངས་ཚུ་འབད་ཐོག་ལས་ དམ་པའི་ཆོས་ཚུལ་བཞིན་དུ་འགྲུབ་ཚུགས་པ་ཅིན་ ནམ་ཅིག་གི་ཚེ་ང་བཅས་ར་ཡང་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུགས་པའི་ནུས་པ་དང་གོ་སྐབས་ཚུ་ཡང་འཐོབ་ནི་ཨིན་པས།

རྒྱུ་མཚན་དེ་འབདཝ་ལས་བརྟེན་ གར་འཆམ་དེ་ཚུ་དོན་གྱི་སྙིང་པོ་ལུ་གཙོ་བོ་དང་འཁོར་ག་ར་ རིག་པ་འཛིན་པའི་གྲུབ་ཐོབ་ཙང་ཙ་གིས་མཛད་ཡོདཔ་ལས་ ག་ནི་བ་བྱིན་རླབས་ཅན་དང་ ཕན་ཡོན་ལྡན་པའི་གར་འཆམ་ཅིག་ཨིནམ་ལས་ གོང་ལུ་གསལ་དོ་བཟུམ་ འཆམ་དེ་ཚུ་མཇལ་བ་ཅིན་ གནས་སྐབས་མངོན་པར་མཐོ་བ་ལྷ་དང་མིའི་གོ་འཕང་འཐོབ་ནི་དང་ ཡང་ན་ ཚེ་འདི་རྐྱེན་དང་བར་ཆད་ཚུ་ཞི་སྡེ་ དགའ་སྐྱིད་ཀྱི་དཔལ་ལུ་ལོངས་སྤྱོད་དེ་སྡོད་ནི་འཐོབ་ཚུགས་པའི་ཁར་ མཐར་ཐུག་ལུ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་ནི་གི་དགོས་པ་ཁྱད་པར་ཅན་ཡོདཔ་ལས་ ང་བཅས་ར་ཆེ་འབྲིང་ཆུང་གསུམ་ག་ར་གིས་ འཆམ་དེ་ཚུ་མཇལ་དགོཔ་དེ་ གནམ་མེད་ས་མེད་གལ་ཅན་ཅིག་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. མཁན་པོ་ཉི་མ་ཤར། གནམ་ལོ་ས་ཕོ་ཁྱི་ལོ། སྤྱི་ལོ་ ༢༠༢༨། འབྲུག་པའི་གར་འཆམ་གྱི་ངོ་སྤྲོད་འཁོར་འདས་ལམ་སྟོན། སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བ། རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ། ཐིམ་ཕུག།

༢. རྩོམ་པ་པོ་མེད། གནམ་ལོ་མེད། སྤྱི་ལོ་མེད། རྟ་ལོག་ཚེས་བཅུ།-The incomparable Event  ཡོངས་འབྲེལ་འཆར་སྒོ་

https://talotshechu.wordpress.com/ ལས་ཐོབ་ཡོད།