ཟངས་མདོག་དཔལ་རིའི་སྨོན་ལམ་རྒྱས་པ།

Wikipedia ལས།

༄༅། །དཔལ་རི་པདྨ་འོད་དུ་བགྲོད་པའི་སྨོན་ལམ་གདུང་ཤུགས་ཀྱི་གློག་འཕྲེང་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་གཅིག་ཏུ་བསྡུས་པའི་ངོ་བོ། །བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས། །འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་རང་བཞིན། །ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། །ཁམས་གསུམ་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོ་མཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། རང་འབྱུང་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །མྱ་ངན་མི་འདའ་འཇིགས་བྲལ་རྡོ་རྗེའི་སྐུ། །དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག། །ཧེ་རུ་ཀ་དཔལ་པདྨ་བཛྲ་ཞེས། །མཚོ་སྐྱེས་དབང་གི་རྒྱལ་པོར་ཕྱག་འཚལ་ལོ། །ཆོས་སྐུ་སྤྲོས་པ་མཁའ་ལྟར་དག་གྱུར་ཀྱང་། །ལོངས་སྐུ་འགག་མེད་ཐུགས་རྗེའི་སྤྲིན་ཕུང་ལས། །སྤྲུལ་སྐུས་གདུལ་བྱའི་འཇིག་རྟེན་མ་ལུས་པར། །སྣ་ཚོགས་ཐེག་པའི་ཆོས་ཀྱི་ཆར་འབེབས་པའི། །སྐུ་གསུམ་ལྷུན་གྱིས་གྲུབ་དེར་ཕྱག་འཚལ་ལོ། །ཁྱོད་གསུང་དབྱངས་ཀྱི་དཀྱིལ་འཁོར་རེ་རེས་ཀྱང་། །སྲིད་གསུམ་འགྲོ་བ་མ་ལུས་རང་རང་གི། །སྐད་དུ་བརྒྱད་ཁྲི་བཞི་སྟོང་དམ་པའི་ཆོས། །སྟོན་པས་རྣམ་གྲོལ་འབྲས་བུ་སྟེར་མཛད་པའི། །སྐྱོན་བྲལ་པདྨའི་གསུང་ལ༴། །མཁྱེན་པའི་སྐད་ཅིག་ཉིད་ལ་འཁོར་འདས་ཀྱི། །ཆོས་རྣམས་མ་ལུས་ཐུགས་སུ་མཁྱེན་གྱུར་ཅིང་། །རྟོག་པ་མེད་པར་འགྲོ་དོན་ལྷུན་གྱིས་གྲུབ། །ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས། །ཡེ་ཤེས་བསམ་མི་ཁྱབ་དེར༴ །ཁྱོད་ནི་འཇིག་རྟེན་སྒྲོན་མེ་པདྨའི་གཉེན། །ཀུན་གྱིས་མི་བརྫི་འགྲོ་བའི་རྩ་ལག་གཅིག །མཚན་ཙམ་ཐོས་པས་ངན་འགྲོའི་སྐྱེ་ལྡན་ཡང་། །མོད་ལ་ཐར་པའི་དགའ་སྟོན་ལ་སྦྱོར་བའི། །ཡོན་ཏན་འགྲན་ཟླ་བྲལ་དེར། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་མཐས་གཏུགས་པར། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་ཀྱིས། །གང་ལ་གང་འདུལ་དེ་ལ་དེར་སྟོན་པས། །མ་ལུས་གདུལ་བྱའི་རེ་བ་རྫོགས་མཛད་པའི། །འཕྲིན་ལས་སྲིད་ཐར་ཁྱབ་དེར༴། །སྐྱེ་བོ་དགེ་བའི་བཤེས་དང་བྲལ་གྱུར་ཅིང་། །མི་ཤེས་མུན་པའི་སྨག་རུམ་འཁྱམས་པ་རྣམས། །འཇིགས་རུང་ངན་འགྲོའི་གཡང་ལ་མི་ལྷུང་བར། །ད་ལྟ་ཉིད་དུ་ཐུགས་རྗེའི་ཟེར་ཕྱུངས་ལ། །མ་རིག་འཐིབས་པོ་སོལ་ཅིག་པདྨ་འབྱུང་། །བདག་གི་བགྲང་ཡས་སྐྱེ་བར་ཚོགས་གཉིས་ཀྱིས། །ལེགས་བསྡུས་རྣམ་པར་དཀར་བའི་དགེ་བའི་ཚོགས། །མ་ལུས་ལུས་པ་མེད་པའི་འགྲོ་ཀུན་དང་། །ཐུན་མོང་ཉིད་གྱུར་གོང་དུ་སྤེལ་བའི་མཐུས། །ཐམས་ཅད་ཟངས་མདོག་དཔལ་རིར་སྐྱེ་བར་ཤོག །རབ་འབྱམས་རྒྱལ་བའི་ཞིང་གི་བཀོད་པ་ཀུན། །ཡོངས་སུ་རྫོགས་པ་རྔ་ཡབ་པདྨའི་གླིང་། །ལག་མཐིལ་ལྟར་སྙོམས་རྒྱ་ཁྱོན་ཚད་ཀྱིས་འཕོངས། །རིན་ཆེན་ནོར་བུས་ཁོར་ཡུག་ཀུན་ནས་དཀྲིགས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག། །ཐ་གྲུར་མཚན་མོ་རྒྱུ་བའི་གྲོང་ཁྱེར་དང་། །གྲོང་བརྡལ་བགྲང་དང་གཞལ་བར་མི་ནུས་པའི། །མི་བསྲུན་མི་ལ་འཚེ་བའི་ཡུལ་ལྗོངས་ཀུན། །དགེ་བཅུའི་ཁྲིམས་ལས་སྐད་ཅིག་མི་འདའ་བའི། །ཟངས་མདོག༴། །ཞེ་སྡང་གདོང་དམར་སྲིན་པོའི་ཚོགས་རྣམས་ཀྱང་། །ཁྱོད་མཐུས་མི་དགེ་འགྲས་པའི་ཡིད་བྲལ་ནས། །བྱང་ཆུབ་སེམས་ཀྱི་ངང་ཚུལ་རབ་འཆང་ཞིང་། །མི་ཁོམ་ཤ་ཟར་སྐྱེ་བའི་ཐ་མ་སྟེ། །ཟངས་མདོག༴། འཛིན་མའི་ཁྱོན་ཀུན་བདེ་འཇམ་མིག་མངས་རིས། །མནན་ནེམ་བཏེག་འཕར་གསེར་གྱི་པདྨོ་དང་། །ལྷ་གནས་ནོར་བུས་ཕྱོགས་ཀུན་མཛེས་པར་བཀྲམ། །ཚེར་ཅན་ཤིང་དང་གསེག་མ་རི་མེད་པ། །ཟངས་མདོག༴ །ཀེ་ལ་ཤ་དང་བེ་ཌར་ཨིནྡྲ་སོགས། །རིན་ཆེན་རི་ཕྲན་དཔག་བསམ་ཡོངས་འདུའི་ཚལ། །འཆི་མེད་ཤིང་གིས་གཏམས་པའི་རྩེ་མོ་ཀུན། །དབང་པོའི་ཤིང་བལ་མདངས་ལྡན་མེ་ཏོག་མཛེས། །ཟངས་མདོག༴། །ཡིད་བཞིན་ནོར་བུའི་འབྲས་བུ་གཡུར་ཟ་ཞིང་། །ཡལ་གར་ལྷ་རྫས་གོས་ཀྱི་ལྡ་ལྡི་དང་། །མུ་ཏིག་དཀར་དམར་སྔོ་བའི་ཕྱང་ཕྲུལ་གཡོ། །སྤུ་སྡུག་མཛེས་པའི་བྱ་ཚོགས་སྐད་སྙན་འབྱིན། །ཟངས་མདོག༴། །བར་བར་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྫིང་། །མཐིལ་དུ་གསེར་གྱི་བྱེ་མ་ཐང་མར་བརྡལ། །ཕྱོགས་རྣམས་རིན་ཆེན་སྣ་བདུན་ཐེམ་སྐས་ཅན། །སྤྲུལ་པའི་ལྷ་མི་མང་པོ་དལ་གྱིས་རྩེ། །ཟངས་མདོག༴། །འགྲམ་ཀུན་ཡིད་འོང་སྒྱུ་འཕྲུལ་ཆུ་བྱའི་ཚོགས། །འདབ་མའི་གར་བསྒྱུར་མགོ་བོ་ཀྱོག་ནས་ལྟ། །བྱུ་རུ་ལྟར་དམར་སོར་མོས་ཆུ་ཐིགས་འཐོར། །མགྲིན་པའི་རྫ་རྔ་བརྡུང་ལ་ངལ་བ་མེད། །ཟངས་མདོག༴ །སྤོས་ཆུའི་དྲི་བསུང་ལྡན་པ་ནམ་མཁའི་དབུགས། །ནན་ཏར་ཚ་དང་བསིལ་ཆེས་མ་ཡིན་ཞིང་། །ལྡང་དང་ཞི་ལ་འདོད་པའི་དབང་འབྱོར་པ། །དལ་གྱིས་བཏབ་པས་རྫིང་བུ་པདྨས་ཁེབས། །ཟངས་མདོག༴། །ལྗོངས་ཀུན་རིན་ཆེན་སྣ་བདུན་གཞལ་མེད་ཁང་། །ནང་དུ་རཏྟའི་ཁྲི་ལ་དར་ཟབ་དང་། །ལྷ་རྫས་སྙིང་པོ་ཅན་གྱི་མལ་སྟན་ནི། །འཆི་མེད་གྲོང་གི་དགའ་བ་འཕྲོག་བྱེད་པ། །ཟངས་མདོག༴། །ཕྱིར་མི་ལྡོག་པའི་ལྷ་མིས་ཀུན་ནས་གང་། །འདོད་པའི་ཡོན་ཏན་བསམ་པའི་མོད་ལ་འབྱུང་། །བཅུ་དྲུག་ལང་ཚོའི་དཔལ་གཟིས་ཕན་ཚུན་དུ། །ལྟད་མོའི་དམ་པ་མཐོ་རིས་དོ་རར་རྩེ། །ཟངས་མདོག༴། །ཆགས་ན་ལྟ་དང་གཉིས་མེད་འཁྱུད་པ་ཡིས། །འཇིག་རྟེན་འདོད་ཡོན་ཀུན་གྱི་དཔལ་ཐོབ་ཅིང་། །ཟག་མེད་བསམ་གཏན་གཉིས་པའི་བདེ་ལ་གཞོལ། །ཐ་མལ་ཆགས་པའི་དྲི་མ་རིང་དུ་བྲལ། །ཟངས་མདོག༴། །རབ་དཀར་བདུད་རྩིའི་ཆུ་གཏེར་འོ་མའི་མཚོའི། །དཔལ་གྱི་འདབ་མའི་འོད་ཀྱིས་བར་སྣང་ཁེངས། །སྒྱུ་འཕྲུལ་མདངས་མཛེས་གེ་སར་འཛིན་མའི་ཚོགས། །མགྲིན་པའི་རྒྱུད་མངས་འབོད་གྲོགས་ཅི་ཡང་འབྱིན། །ཟངས་མདོག༴། །བར་སྣང་བདུད་རྩིའི་ཆུ་མིག་ལས་འོངས་པའི། །སྤྲིན་བཅུད་ལྷ་ཡི་མེ་ཏོག་འཁོར་ལོའི་ཆར། །སྨན་ཤིང་གུར་ཀུམ་གཞོན་ནུ་ཆུ་སྐྱེས་དང་། །འཇའ་ཟེར་མྱུ་གུའི་མདངས་ལ་བསིལ་བར་འགྲེམས། །ཟངས་མདོག༴། དབུས་སུ་པདྨ་རཱ་གའི་ལྷུན་པོ་ནི། །རྩ་བ་གཙུག་ན་ནོར་བུའི་གཞལ་མེད་ཁང་། །སྐེད་པར་རིག་འཛིན་མཁའ་འགྲོའི་མཆོད་སྡོང་མཛེས། །རྩེ་མོར་བར་སྣང་ལྷ་རྣམས་བསྐོར་བ་བྱེད། །ཟངས་མདོག༴། །ཕྱོགས་བཞིར་མི་ཤིགས་རིན་ཆེན་རྡོ་རྗེའི་ཟམ། །གསེར་དངུལ་བེ་ཌཱུརྱ་ཡི་སྟེགས་བུ་ལ། །སྒྱུ་འཕྲུལ་ཞི་དང་ཁྲོ་ཆགས་རཀྟ་དང་། །ལྷ་ཀླུ་མི་ཡི་དབང་པོ་ཀུན་ནས་རྒྱུ། །ཟངས་མདོག །ཕྱོགས་བཞིར་གསེར་དངུལ་བེ་ཌཱུརླ་དང་ནི། །ཨིནྡྲའི་ཐེམ་སྐས་རྫུ་འཕྲུལ་འོད་ཀྱི་ལམ། །རྒྱུ་བྱེད་འདོར་བའི་མོད་ལ་དཔལ་རིའི་རྩེར། །གློག་འགྱུའི་ཡུད་ལ་བགྲོད་པའི་ངོ་མཚར་འཕྲུལ། །ཟངས་མདོག༴ །རྩེ་མོར་པདྨ་འོད་ཀྱི་གཞལ་ཡས་ཁང་། །དག་པའི་རྡོ་དཀར་བཻ་ཌཱུརླ་དང་ནི། །པདྨ་རཱ་ག་ཨིནྡྲ་ནཱི་ལ་ཡི། །གློ་བུར་ཕྲིན་ལས་བཞི་ཡི་རང་འོད་འབར། །ཟངས་མདོག༴། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་དང་ཁྱམས། །གྲུ་ཆད་སྒོ་ཁང་རྟ་བབས་ཆོས་འཁོར་རྒྱན། །རྩིག་པ་འདོད་སྣམ་ཕ་གུ་དྲྭ་བ་དང་། །དྲ་ཕྱེད་མདའ་ཡབ་རིན་ཆེན་བདུན་གྱིས་སྤྲས། །ཟངས་མདོག༴། །རྣམ་པར་རྒྱལ་བའི་རྒྱལ་མཚན་བ་དན་དང་། །བྱང་ཆུབ་ཡན་ལག་འཕན་གྱིས་ཀུན་ནས་མཛེས། །ཟུར་རྣམས་གསེར་གྱི་དྲིལ་བུ་གཡེར་ཁ་ལ། །སྤོས་ཆུའི་རླུང་བསྐྱོད་ཆོས་ཀྱི་སྒྲ་དབྱངས་བསིལ། །ཟངས་མདོག༴ །ལོགས་ལ་མངོན་ཤེས་དྲུག་ལྡན་དཀར་ཁུངས་གསལ། །སྟེང་དུ་གསེར་གདུང་ནོར་བུའི་བླ་བྲེ་ཅན། །དབུས་ཀྱི་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི། །ཏོག་གི་འོད་ཟེར་ཉིན་མོར་བྱེད་ལ་འཁུ། །ཟངས་མདོག༴། །ཀུན་ཀྱང་རང་འབྱུང་ལྷུན་གྲུབ་སྣང་བའི་འཕྲུལ། །རེག་ན་མི་ཐོགས་ཕྱི་ནང་མེད་པར་གསལ། །སྟེང་ནས་ལྷ་ཡིས་མེ་ཏོག་ཆར་དུ་འབེབས། །བར་སྣང་འཇའ་ཚོན་སྣ་ལྔའི་སྤྲིན་ཕུང་འཁྲིགས། །ཟངས་མདོག༴ །དེ་དབུས་རིན་ཆེན་ཟུར་བརྒྱད་ཉི་ཟླ་དང་། །མ་ཆགས་པདྨ་སྟོང་གི་གེ་སར་ལ། །སྒྱུ་འཕྲུལ་བདག་པོ་པདྨ་འབྱུང་གནས་ནི། །མཛེས་སྡུག་བརྗིད་ཆགས་གསེར་གྱི་ལྷུན་པོ་འདྲ། །ཟངས་མདོག༴ །ཉི་ཟླ་གཟའ་སྐར་སྣང་བྱེད་ཐམས་ཅད་ཀྱང་། །ཁྱོད་སྐུའི་འོད་ཀྱིས་ཟིལ་མནན་རྟག་པར་ཡང་། །གུར་ཀུམ་ཚལ་གྱིས་དཀྲིགས་འདྲའི་མཛེས་པ་འཛིན། །ཉིན་མཚན་འོད་གསལ་ཁོར་མོར་འབྱམས་གདལ་བ། །ཟངས་མདོག༴ །མཐའ་སྐོར་དུས་གསུམ་བླ་མ་སྤྲིན་ལྟར་གཏིབས། །ཕྱོགས་མཚམས་སྤྲུལ་པའི་མཚན་བརྒྱད་བདེ་གཤེགས་ལྔ། །སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔ་དང་། །ཐེག་པ་རིམ་དགུའི་ལྷ་ཚོགས་ཚོམ་བུར་གཡོ། །ཟངས་མདོག༴ །ཕྱོགས་བཞིའི་པད་བདབ་རིགས་བཞིའི་གིང་དང་ནི། །མཁའ་འགྲོ་སྡེ་བཞི་དུར་ཁྲོད་ཆས་ཀྱིས་བརྒྱན། །རང་འདྲ་བྱེ་བ་འབུམ་གྱི་འཁོར་དང་བཅས། །འགྱིང་བག་ཕྱེད་སྐྱིལ་རོལ་པའི་སྟབས་སུ་བཞུགས། །ཟངས་མདོག༴ །ཁྱམས་དང་གྲུ་ཆད་གློ་འབུར་རིག་འཛིན་དང་། །མ་མོ་མཁའ་འགྲོ་ལྷདང་ལྷ་མོའི་ཚོགས། །དཔག་ཏུ་མེད་པ་ལང་ཚོའི་དཔལ་ངོམས་ཤིང་། །ཕྱི་ནང་གསང་བ་བླ་ན་མེད་པས་མཆོད། །ཟངས་མདོག༴ །འདོད་སྣམ་མཆོད་པའི་ལྷ་མོ་དཔག་ཡས་པ། །འདོད་ཡོན་དྲུག་དང་ཀུན་བཟང་མཆོད་པའི་སྤྲིན། །སྲིད་ཞིའི་ཚར་དུ་དངར་བ་མ་ལུས་པས། །དུས་གསུམ་རྒྱལ་བ་དགྱེས་པར་བསྐྱེད་མཛད་མ། །ཟངས་མདོག༴ །སྒོ་མཚམས་ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །བཀའ་ཉན་གཏུམ་པོ་ལྷ་སྲིན་དྲེགས་པའི་ཚོགས། །བདུད་དང་མུ་སྟེགས་བསྟན་དགྲ་མཐར་བྱེད་ཅིང་། །ཐེག་མཆོག་རྒྱལ་བའི་བསྟན་པ་ཉིན་མོར་བྱེད། །ཟངས་མདོག༴ །གསང་སྔགས་དཀྱིལ་འཁོར་མདུན་སར་ལན་རེ་རེས། །དཔག་མེད་འགྲོ་བས་ས་མཆོག་དངོས་གྲུབ་ཐོབ། །ལྷུན་གྲུབ་ཕྱག་རྒྱ་ཆེ་དང་ཚེ་ལ་དབང་། །རྣམ་པར་སྨིན་པའི་རིག་འཛིན་ས་ལ་འཇོག །ཟངས་མདོག༴། ཞིང་དེའི་ཡོན་ཏན་མཐའ་དག་བསྐལ་པའམ། །དེ་ལས་ལྷག་པར་དུས་གསུམ་རྒྱལ་བ་ཡིས། །མ་ཟློས་བསྔགས་ཀྱང་ཟད་པར་མི་ནུས་ཤིང་། །སྐད་ཅིག་དྲན་པས་བདེ་ཆེན་མཆོག་ཐོབ་པའི། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག། །ལྷ་ཡི་ལྷར་གྱུར་རྒྱལ་བ་ཀུན་གྱི་དངོས། །ཨོ་རྒྱན་པདྨ་རིག་འཛིན་བརྒྱུད་པར་བཅས། །མགོན་མེད་བུ་ལ་བརྩེ་བས་མ་ལྟར་གཟིགས། །ཐུགས་རྗེ་མཆོག་གི་ལྕགས་ཀྱུ་རབ་བརྐྱངས་ནས། །ཟངས་མདོག་དཔལ་གྱི་རི་བོར་མྱུར་དྲོངས་ཤིག། །འགྲོ་བ་སྤྱི་དང་ཁྱད་པར་བོད་འབངས་ལ། །རྣམ་མཁྱེན་གཞན་པས་ཐུགས་རྗེའི་ཟེར་མྱུར་བར། །བརྩེ་བས་ཞལ་གྱིས་འཆེས་དེ་རྗེས་དགོངས་ལ། །མ་རུངས་ལས་ཀྱི་མནར་བའི་སྙིགས་དུས་འགྲོར། །ལ་འུར་ཐུགས་རྗེས་གཟིགས་ཤིག་པདྨ་འབྱུང་། །དོན་ལྡན་དགེ་སྦྱོར་ལེ་ལོའི་ཆོམ་པས་འཁྱེར། །ལོག་སྒྲུབ་རྣམ་གཡེང་ཆུ་བོའི་གཉེར་མ་བཞིན། །འཁྲུལ་པའི་བག་ཆགས་འཕྲལ་སྣང་དྲག་པོས་འདྲིད། །མ་ཚོར་མི་ཚེ་འཛད་པའི་དྲེད་པོ་ལ། །འདྲེན་པ་གཞན་ན་མེད་དོ་པདྨ་འབྱུང་། །ཆོས་སྒོར་ཞུགས་ཀྱང་དགེ་སྦྱོར་ཆོས་གྱིས་དབེན། །བློ་སེམས་དྲེད་པོས་བསྲུང་སྡོམ་གནད་ཚང་སྟོར། །བག་མེད་སྤྱོད་ལས་ངོ་ཚའི་ལྕིབས་དང་བྲལ། །ལྟུང་བའི་ཆར་གྱིས་ཉིན་མཚན་གདུངས་པ་ལ། །བསླབ་གསུམ་གོས་ཀྱིས་གཡོགས་ཤིག་པདྨ་འབྱུང་། །ལམ་མཆོག་བྱང་ཆུབ་སེམས་ལ་བློ་སྦྱངས་ཀྱང་། །གཤིས་ངན་རང་རྩིས་རྒྱུད་ལ་འཐས་པ་ཡིས། །དགྲ་གཉེན་ཆགས་སྡང་མགོ་བོ་མ་སྙོམས་པས། །ཁྲོ་སྡང་བཟོད་པའི་གོ་དང་བྲལ་བ་ཚོ། །སྨོན་འཇུག་སྲང་དུ་ཆུག་ཅིག །གསང་སྔགས་ལམ་ཞུགས་བསྐྱེད་རྫོགས་པར་རློམ་ཡང་། །རང་རྒྱུད་དངོས་པོར་སྒོམ་ལ་ཨ་འཐས་ཤིང་། །གཉིད་ཆང་རྨོངས་པས་ཟབ་མོའི་བཟླས་པ་ཆག། །དམ་མེད་རྒྱུད་ལ་དྲོད་རྟགས་མི་ལྡན་པས། །སྣང་སྲིད་ལྷ་སྐུར་སྟོན་ཅིག། །ཞི་གནས་བསམ་གཏན་དོན་ལ་མཉམ་བཞག་ཀྱང་། །དྲན་ཤེས་མི་ལྡན་ལུང་མ་བསྟན་གྱིས་རྨོངས། །ཡང་ན་བྱིང་རྒོད་འཕྲོ་འདུའི་རྟོག་པར་འཆོར། །འཁུ་འཁྲིག་འཇུར་བུས་བཅིངས་པའི་སྒོམ་པ་ལ། །རྩེ་གཅིག་ངོ་བོ་སྟོན་ཅིག༴། །དོན་དམ་ལྷག་མཐོང་ཉམས་སུ་མྱོང་འདོད་ཀྱང་། །ཆོས་ཀུན་ཆོས་ཉིད་ཚད་མར་མ་ཕྱིན་པས། །གཉིས་སྣང་བཟང་ངན་རྟོག་པ་བཤིག་མ་ནུས། །ཞེ་འདོད་རྩོལ་བས་བསླད་པའི་སྒོམ་པ་ལ། །བྱེད་པོའི་བློ་དང་ཁྲོལ་ཅིག༴། །མདོར་ན་གཉིས་སྣང་ཆུ་ལྷུར་ཆུ་ལ་ཐིམ། །ཉམས་མྱོང་ཞེ་འདོད་ནམ་མཁའི་སྤྲིན་ལྟར་ཡལ། །སྤང་བླང་ཐོབ་ཤོར་སྦྲུལ་མདུད་རང་སར་གྲོལ། །ཡེ་གདལ་གཉུག་མ་རྒྱུན་ཆད་མེད་པ་དེ། །འགྲོ་ཀུན་རྒྱུད་ལ་སྦྱོར་ཅིག །དེ་ལྟར་གདུང་ཤུགས་དྲག་པོའི་འོ་འདོད་ལ། །གཡེང་མེད་ཐུགས་རྗེས་མྱུར་དུ་མི་གཟིགས་པར། །རང་རང་ལས་ཀྱི་རྣམ་སྨིན་ཡིན་དགོངས་ན། །ལས་དང་བྲལ་ལ་ཐུགས་རྗེ་གཟིགས་ཀྱང་ཅི། །ཁྱོད་ཀྱི་ཐུགས་དམ་གཡེལ་ལམ། །དེས་ན་བཏང་སྙོམས་ལེ་ལོ་མ་མཛད་པར། །རི་དྭགས་འཐུམ་བྲུལ་ལྟ་བུའི་འགྲོ་བ་ལ། །ཐུགས་རྗེའི་གཟིགས་པ་བུལ་མིན་ཆེས་ལྷག་པར། །ལ་འུར་ཐུགས་རྗེས་མཆོག་སྦྱིན་མཛོད་ཅིག་ཅེས། །གདུང་བའི་སྨྲེ་ངག་ཐལ་ལོ༴། ཟག་བཅས་ལུས་དང་མ་བྲལ་བར་དུ་ཡང་། །གནས་སྐབས་ཚེ་ལ་བར་ཆད་མི་འབྱུང་ཞིང་། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །ཉིན་མཚན་ཆོས་ཀྱི་འདའ་བར་བྱིན་གྱིས་རློབས། །ཉེར་ལེན་སྒྱུ་མའི་ཟོལ་ཁང་འགྱེལ་མ་ཐག། །རོལ་མོའི་སྒྲ་དང་སྔོན་འཇུག་མཆོད་སྤྲིན་གཏིབས། །ངོ་མཚར་འཇའ་འོད་གདུང་གི་རྟགས་དང་བཅས། །ཨོ་རྒྱན་པདྨ་བཞུགས་པའི་ཞབས་དྲུང་དེར། །པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བར་ཤོག། །ཞིང་དེར་གདོད་མའི་ཆོས་སྐུ་མངོན་གྱུར་ནས། །གཟུགས་སྐུའི་རོལ་པས་འཁོར་བ་མ་སྟོངས་བར། །ཁྱོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །འགྲོ་བ་མ་ལུས་འདྲེན་པའི་བྱེད་པོ་རུ། །དབུགས་དབྱུང་གཟེངས་བསྟོད་ལུང་བསྟན་ཐོབ་པར་ཤོག། །འགྲོ་བའི་དོན་ལ་སྐྱོ་སུན་ངལ་དུབ་དང་། །སྒྱིད་ལུགས་ཞུམ་ཁེངས་ནམ་ཡང་མི་འབྱུང་ཞིང་། །དབང་བཅུ་མངོན་ཤེས་རྫུ་འཕྲུལ་སྟོབས་རྣམས་ཀྱིས། །སྡུག་བསྔལ་སྲིད་པའི་མཚོ་ཆེན་མ་སྐམ་བར་། །གཟུགས་སྐུའི་ཉིན་བྱེད་ནུབ་པར་མ་གྱུར་ཅིག། །བདག་གིས་བརྩོན་པས་མ་གྱུར་མཁའ་མཉམ་འགྲོ། །མཐའ་གཉིས་སྲིད་པའི་འཆིང་བ་ལས་གྲོལ་ནས། །ཟད་ཅིང་སྟོངས་ཚེ་བདག་ཀྱང་ཁྱོད་ཇི་བཞིན། །ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ཐོབ་སྟེ། །མཉམ་ཉིད་རྡོ་རྗེའི་གྲལ་ལ་འགོད་པར་ཤོག། །ཅེས་པ་པདྨ་དཀར་པོས་ལྷོ་བྲག་མཁར་ཆུར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།