ཞོང་སྒར་རྫོང་། Zhongar Dzong

Wikipedia ལས།

༉ ཞོང་སྒར་རྫོང་གི་སྐེོར་ལས་བྱུང་རབས་འདི་ཡིག་ཐོག་ནང་ལུ་བཀོད་དེ་མེདཔ་ཨིན། ཨིན་རུང་ཡང་ས་གནས་ཀྱི་མི་ཚུ་གི་ལོ་རྒྱུས་དང་འཁྲིལ་བ་ཅིན་ ས་གནས་དེ་གི་རྒྱལཔོ་དཀར་པོ་གདུང་ཟེར་མི་འདི་གིས་ སྤ་རོ་ལུ་གནམ་མེད་ས་མེད་ཡོངས་གྲགས་ཡོད་མི་བཟོ་བཀོདཔ་བཟོ་ཆེན་བཱ་ལ་ཟེར་མི་འདི་ རྫོང་བཟོ་བཀོད་འབད་དེ་བཞེངས་ནི་དོན་ལུ་འབོ་ཡོདཔ་ཨིན་མས། བཟོ་ཆེན་བཱ་ལ་འདི་ས་གླིང་ལྷོད་དེ་ས་གོའི་བརྟག་ཞིབ་འབད་བའི་སྐབས་ལུ་ སྤོ་ཏོ་ཆུང་ཀུ་ཅིག་གི་རྩ་བར་བཟོ་ཆེན་བཱ་ལ་གིས་རྡོ་དཀརཔོ་གི་གཞོངམ་ཅིག་མཐོང་ནི་དེ་གིས་ རྫོང་འདི་དེ་ཁར་བཞེངས་ནི་སྦེ་སེམས་ཐག་བཅད་དེ་རྫོང་བཞེངས་ཞིན་ན་ རྫོང་འདི་གི་མིང་ཡང་རྡོ་དཀརཔོ་གཞོང་བཟུམ་གྱི་ས་གོ་ཁར་བཞེངས་ནི་དེ་གིས་ གཞོང་སྒར་ཟེར་བཏགས་ཡོདཔ་ཨིན་ཟེར་བཤད་སྲོལ་འདུག། དེ་ལས་ཚུར་དུས་རབས་ལས་བཅད་དེ་གཞོང་སྒར་རྫོང་ཟེར་དར་ཁྱབ་སོང་ནུག། གཞོང་སྒར་རྫོང་གི་འབྱུང་ཁུངས་གཅིག་ལས་ བཟོ་ཆེན་བཱ་ལ་འདི་གླིང་མའི་ཐང་ལུ་ལྷོདཔ་ད་ ཁོ་གིས་ད་ལྟོ་རྫོང་ཡོད་སའི་སྒང་ཏོ་འདི་རྡོ་རང་བཞིན་གྱིས་གཞོང་བཟུམ་མཐོངམ་ལས་ ས་གོ་འདི་ནང་རྫོང་བཞེངས་ཏེ་རྫོང་འདི་གི་མིང་གཞོང་སྒར་ཟེར་བཏགས་ཡོདཔ་སྦ་སླབ་ཨིན་མས།

སྒོ་ལོང་བྲག་བཙན་གྱིས་རྫོང་གསར་བཞེངས་འབད་མི་དེ་གིས་ ཁོ་གི་ས་གོ་ནང་ཧམ་འཛུལ་འབད་འོང་མནོ་བའི་ཚ་གྱང་ལངས་ཏེ་ ཁོ་རའི་བཙན་གཞོནམ་གཉིས་བཟོ་ཆེན་བཱ་ལ་འདི་ས་གོ་འདི་ཁར་མ་ལྷོད་པའི་ཧེ་མ་གསད་པར་བཏང་ནུག། བཙན་གཞོནམ་གཉིས་ཀྱིས་ཚལ་མ་ནང་གཡིབ་སྟེ་བཟོ་ཆེན་བཱ་ལ་ལུ་བསྒུགས་སྡོད་ནུག། ཨིན་རུང་ཡང་བཱ་ལ་འདི་ནམ་ཡང་འོང་མ་བཏུབ་ཨིན་རུང་ལམ་བདའ་སྟེ་ ཤིང་གི་རྒྱ་གྲམ་འགྱོ་སར་མཐོང་ཡི་ཟེར་ཨིན་མས། ཤུལ་ལས་ཤིང་འདི་བཱ་ལ་གི་སློབ་དཔོན་ཟེར་ བཟོ་བོ་གི་ཐིག་ཤིང་འདི་ཨིནམ་སྦེ་ཤེས་ནུག། དུས་ད་ལྟོ་ཡང་ཤིང་བཟོ་བོ་ཚུ་གནོད་སྐྱོན་བཀག་ནིའི་དོན་ལུ་ འ་ནཱི་སློབ་དཔོན་འདི་འབག་དོགཔ་སྦེ་སླབ་ཨིན་མས། གཞོང་སྒར་ལུ་ལྷོད་པའི་ཤུལ་ལས་བཟོ་ཆེན་བཱ་ལ་འདི་ ཧ་ལས་སི་སི་སྦེ་བདུན་ཕྲག་གཅིག་གི་རིང་ལུ་གར་སོང་མེདཔ་བྱང་ད་ནུག། ཤུལ་ལས་བཟོ་ཆེན་བཱ་ལ་འདི་བྱང་གདུང་ཟེར་བའི་ས་ཁར་ འཁན་པ་ལྕུག་དུམ་གྱིས་ཁོ་རའི་བཞེངས་ནི་ཨིན་མི་གི་རྫོང་གི་འདྲ་གཟུགས་འདི་བཟོ་སྟེ་སྡོད་ནུག། བཱ་ལ་གིས་རྫོང་གསརཔ་འདི་ཁོ་རའི་བཟོ་བཀོད་ལུ་གཞི་བཞག་སྟེ་བཟོ་ནུག། བཟོ་བཀོད་འདི་ནང་ལུ་ཟུར་ཚུ་སྲ་ཀྲག་ཅིག་ཡང་མེདཔ་མ་ཚད་ རྡོ་ཡང་ཕུད་རྡོག་གཅིག་ཡང་ཕྱི་ཁར་འཐོན་ཏེ་མེད་ཟེར་ཨིན་མས། རྫོང་འདི་ནང་ལུ་འོག་ལུ་བཀོད་དེ་ཡོད་པའི་གཞི་བཀོད་བཞི་ལུ་གཙོ་བོར་བཏོན་ཏེ་ཡོདཔ་ཨིན།

༡. ཤར་ཕྱོགས་ཁ་ཐུག་ལུ་དགྲ་བཏུལ་རྫོང་།

༢. ལྷོ་ཕྱོགས་ཁ་ཐུག་ལུ་ཆུ་རྫོང་བཙན་མཁར།

༣. ནུབ་ཕྱོགས་ཁ་ཐུག་ལུ་བྱ་ཁྱུང་ལྟ་རྫོང་།

༤. བྱང་ཕྱོགས་ལུ་ལྡུམ་ར་རྩིགཔ་གི་རྫོང་ཚུ་ཨིན།

རྫོང་འདི་གི་རྡོ་ཆལ་ཧ་ཅང་གིས་རིངམོ་ཡོད་ནི་དེ་གིས་ མདའ་གི་འབའ་ཐང་སྦེ་ལག་ལེན་འཐབ་ཡོདཔ་ཨིན་མས། དེ་འབདཝ་ད་རྒྱལཔོ་གདུང་འཛིན་གྱིས་ བཟོ་ཆེན་བཱ་ལ་གིས་དོ་རུང་ཡང་རྫོང་ག་ནི་བ་ཡ་མཚན་ཅན་བཟོ་འོང་ཟེར་ ཐུགས་ཚ་གྱང་ལངས་ནི་འགོ་བཙུགས་ནུག། དེ་གིས་སྦེ་བཟོ་ཆེན་བཱ་ལ་འདི་སྤ་རོ་ལུ་ལོག་འགྱོ་ནི་ཨིན་མིའི་ནུབ་མོ་བཞུགས་ཁྲི་གུར་སྐྱེལ་ཆང་བཀལ་ཏེ་ རྒྱལཔོ་གིས་ཁོ་གི་ལགཔ་གཡསཔ་བཏོགས་བཏང་ནུག། བཟོ་ཆེན་བཱ་ལ་འདི་ན་ཟུག་གིས་དྲེགས་མ་ཚུགས་པར་སྨོན་ལམ་བཏབ་ནུག། དེ་ཡང་བཟོ་ཆེན་བཱ་ལ་ཁོ་ཤི་བའི་ཤུལ་ལས་ རྒྱལཔོ་ཡང་ཁོ་བཟུམ་ན་ཟུག་མྱོང་སྟེ་ཤི་བཅུག་ཟེར་བའི་སྨོན་ལམ་བཏབ་མ་ཚད་ ཁོ་ཡང་ཤི་བའི་རྗེས་སུ་རྫོང་འདི་དང་མཐའ་འཁོར་གྱི་ས་གནས་ཀྱི་ འདྲེ་སྦེ་ལོག་སྐྱེས་བཅུག་ཟེར་སྨོན་ལམ་བཏབ་སྟེ་ཤི་སོ་ནུག། ས་གནས་ཀྱི་མི་ཚུ་གིས་ བཟོ་ཆེན་བཱ་ལ་འདི་རྫོང་འདི་ནང་སྦུལ་སྦོམ་གཅིག་གིས་སྐྱེ་བ་ལངས་ཏེ་ རྫོང་འདི་བདག་འཛིན་འབད་ཞིན་ན་ ནུབ་མོ་རེ་ལུ་རྒྱལཔོ་གི་རྟ་རེ་གསད་ནི་འགོ་བཙུགས་ནུག། འབྱུང་ཁུངས་གཅིག་གིས་ ནུབ་མོ་རེ་ལུ་རྒྱལཔོ་གི་རྟ་རེ་བསད་མི་འདི་སྒོ་ལོང་བྲག་བཙན་ཨིན་ཟེར་སླབ་ཨིན་མས། དེ་ལས་རྒྱལཔོ་གིས་བུམ་ཐང་ལས་ པད་ཚལ་གླིང་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་འདི་གདན་འདྲེན་ཞུ་སྟེ་ ས་ལེང་གི་ལྟག་ལུ་ཕེབས་ད་ དུང་དཀར་ཅིག་འཕུ་བའི་སྐབས་ལུ་དུང་དཀར་གྱི་སྐད་འདི་གོཝ་ཅིག་ ཤི་ནི་གུར་ཐུག་ཡོད་མི་རྟ་འདི་དྲག་སོ་ཡི་ཟེར་བཤདཔ་ཨིན་མས།

སྤྲུལ་སྐུ་འདི་བདུན་ཕྲག་གཅིག་གི་རིང་ལུ་ཁོ་ལུ་རྩ་ལས་དཀྲོགས་མ་ད་ཟེར་གསུངས་ཏེ་ སྒོ་ལོང་བྲག་བཙན་གྱི་ཕོ་བྲང་ནང་ན་ཐུགས་དམ་ལུ་བཞུགས་ནུག། དེ་འབདཝ་ད་རྒྱལཔོ་འདི་སྤྲུལ་སྐུ་གི་དམིགས་ཡུལ་ལུ་ ཐུགས་དོགས་པ་བཞེས་ཏེ་དད་པ་མེདཔ་ཡར་སོཔ་ལས་ ཉིནམ་དྲུག་པ་ལུ་རྒྱལཔོ་གིས་ཁོ་རའི་གཟིམ་དཔོན་འདི་སྤྲུལ་སྐུ་ལུ་བྱ་བལྟ་བར་བཏང་ནུག། གཟིམ་དཔོན་གྱིས་སྤྲུལ་སྐུའི་གདོང་ཁར་ སྦུལ་སྦོམ་གཅིག་ཕྱག་འཚལ་སར་མཐོང་ནུག། དེ་ལས་བདུན་ཕྲག་གཅིག་གི་ཤུལ་ལས་སྤྲུལ་སྐུ་འདི་ཐུགས་དམ་གྲོལ་ཏེ་ ཕྱི་ཁར་བྱོནམ་ད་སྒོ་ལོང་བྲག་བཙན་འདི་ཡོངས་སུ་རྫོགསཔ་སྦེ་བཏུལ་མ་ཚུགས་ཟེར་གསུངས་ཏེ་ དེ་ཡང་རྒྱལཔོ་གི་ཐུགས་ཀྱི་དོགས་པ་དང་གཟིམ་དཔོན་གྱིས་བར་ཆད་ལུ་བརྟེན་ཏེ་ཨིན་ཟེར་གསུངས་ནུག། དེ་ལུ་རྒྱལཔོ་གིས་བཤགས་པའི་ཚུལ་དུ་སྦེ་ སྤྲུལ་སྐུ་ལུ་གསོལ་བམ་བརྒྱ་གཅིག་དང་གཅིག་ཁར་རྩྭ་འབྲོག་གཅིག་ཡང་ཕུལ་ནུག། དེ་ལས་སྤྲུལ་སྐུ་གིས་རྫོང་འདི་རབ་གནས་མཛད་གནང་ནུག། པད་ཚལ་གླིང་སྤྲུལ་སྐུ་གིས་རྩྭ་འབྲོག་འདི་ད་ལྟོ་ཡང་བདག་འཛིན་འབད་དེ་ཡོདཔ་ཨིན་མས།

དུས་རབས་ལས་བཅད་པའི་ཤུལ་ལས་རྫོང་འདི་ མེ་གིས་འཚིག་ཡོདཔ་ཨིན་མས། དེ་གི་ཤུལ་ལས་རང་བཞིན་ལས་འདས་པའི་ས་ཡོམ་བདུན་ཕྲག་གཅིག་གི་རིང་རྐྱབ་སྟེ་ མེདཔ་བཏང་ནུག། ཨང་གྲངས་ ༧ པ་འདི་རྫོང་འདི་ལུ་གལ་གནད་ཅན་ཅིག་ཨིན་དགོ་མི་དེ་ཡང་ དང་པ་བཟོ་ཆེན་བཱ་ལ་གིས་འཁན་ལྡུམ་ལྕུག་དུམ་ལས་ རྫོང་འདི་གི་འདྲ་གཟུགས་བཟོ་ནི་ལུ་ཉིནམ་བདུན་འགོར་ནུག། དེ་ལས་པད་ཚལ་གླིང་སྤྲུལ་སྐུ་གིས་སྒོ་ལོང་བྲག་བཙན་བཏུལ་ནི་ལུ་བདུན་ཕྲག་གཅིག་དང་ རྫོང་འདི་ས་ཡོམ་ཉིནམ་བདུན་རྐྱབ་སྟེ་མེདཔ་བཏང་ནུག། ས་ཡོམ་འདི་གོ་སྐབས་བཟང་པོ་ཅིག་སྦེ་བྱུང་ཡོད་མི་དེ་ཡང་ དེ་ཁའི་མི་སེར་ཚུ་ས་གོ་དེ་ནང་འདྲེ་གདོན་དང་ཚད་ནད་ཀྱིས་གང་སྟེ་ཡོད་མི་ལུ་བརྟེན་ཏེ་ ས་གོ་སྤང་སྟེ་ས་གོ་གཞན་ནང་འགྱོ་ནི་སྦེ་སྡོད་ཡོདཔ་ཨིན་མས། ཀྲོང་གསར་དཔོན་སློབ་ཀྱིས་རྫོང་འདི་དབྱེ་ཞིབ་འབདར་བཏངམ་ད་ དེ་ཁའི་མི་ཚུ་གིས་ཁོང་ཆ་ཁྱབ་ལུ་ནང་གསུག་བྱིན་ཏེ་ རྫོང་འདི་གནོད་རྐྱེན་སྦོམ་རྐྱབ་ནུག་ཟེར་ཤོབ་རྐྱབ་སྦེ་སླབ་བཅུག་མི་ལུ་བརྟེན་ཏེ་ ཀྲོང་གསར་དཔོན་སློབ་ཀྱིས་ད་ལྟོ་ཡོད་སའི་མོང་སྒར་རྫོང་ནང་ལུ་སྤོ་བཤུད་འབད་ནུག། (རའོ་ཡོངས་འབྲེལ་ཐོག། གནམ་ལོ་མེད། སྤྱི་ལོ་ ༢༠༠༠-༢༠༢༣)

རྒྱབ་རྟེན་དཔེ་ཐོ།

༡. རའོ་ཡོངས་འབྲེལ་ཐོག། གཞོང་སྒར་རྫོང་གི་ངག་ཐོག་ལོ་རྒྱུས། གནམ་ལོ་མེད། སྤྱི་ལོ་ ༢༠༠༠-༢༠༢༣། ཡོངས་འབྲེལ་ཁ་བྱང་། https://www.raonline.ch/pages/story/bt/btbg_zhongar01.html

༢. ཞོང་སྒར་རྫོང་།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.