དྲུག་པ་ཚེས་བཞིའི་དུས་ཆེན།

Wikipedia ལས།

ཧོར་ཟླ་དྲུག་པའི་ཚེས་ ༤ ལུ་ ཆོས་འཁོར་བསྐོར༌བའི༌དུས་ཆེན་ཟེར་ཞུཝ་ཨིན། དེ་སྦེ་ཞུ་དགོ་མི་འདི་ཡང་ བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ ཟླ་ ༤ པའི་ཚེས་ ༡༥ ལུ་ མངོན་པར་རྫོགས་པར་སངས་རྒྱས་པའི་ཚེས་ལས་འགོ་བཟུང་ ཞག་བདུན་ཕྲག་བདུན་ནམ་ ཧོར་ཟླ་ ༦ པ་ཆུ་སྟོད་ཟླ་བའི་ཚེས་བཞི་ཚུན་ཚོད་ལུ་ དམ་པའི་ཆོས་ཟབ་གནད་ཁྱད་པར་ཅན་འདི་རྟོགས་དཀའ་བ་དང་ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་བསོད་ནམས་ལུ་གཟིགས་ཏེ། ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། ཟེར་གསུངས་ཏེ་གསུང་བཅད་དེ་བཞུགས༌ནུག།

དེ༌ལས༌ ལྷ་ཚངས་པ་གིས་ ཚེ་སྔོན་མའི་སྨོན་ལམ་དྲན་ཏེ་སངས་རྒྱས་བཞུགས་སར་བཅར༌ཏེ། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ཟེར་ཙནྡན་གྱི་ཕྱེ་མ་གཏོར་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་རུང་ ཞལ་བཞེས་མ་མཛདཔ་ལས་ ལྷ་ཚངས་པ་འདི༌ སུམ་ཅུ་རྩ་གསུམ་ལུ་འགྱོ་ཞིན་ན་ལས་ ལྷའི་དབང་པོ་བརྒྱ་བྱིན་ཡང་ཁྱིད་དེ་འོངམ་ད། བརྒྱ་བྱིན་གྱིས་ནོར་བུ་རིན་པོ་ཆེ་ཕུལ་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཟེར་གསོལ་བ་བཏབ་རུང་ཞལ་གྱིས་མ་བཞེས་པས།

དོ་རུང་ཚངས་པ་གིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ ལོག་ཅི་ལོག་ཅི་གསོལཝ་བཏབཔ་ད། སངས་རྒྱས་ཀྱིས་འཁོར་ལོ་ཡང་བཞེས་སྦེ། ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཟེར་ཞལ་གྱིས་བཞེས་པའི་སྒྲ་ལྷ་ཡུལ་ག་ར་ལུ་ཁྱབ་སྟེ་ ལྷ་ཚུ་ཡང་ཆོས་ཉན་པར་འོང་ནུག།

དེ་ལས་འཁོར་གྱི་ཐོག་མར་རངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གཉིས་གདུལ་སླ་བ། སྦྱང་སླ་བ། ཤེས་རབ་གསལ་བ་ཨིནམ་མཁྱེན་རུང་ ལྷག་སྤྱོད་ཤི་སྟེ་ཞག་བདུན་དང་། རིང་འཕུར་ཤི་སྟེ་ཞག་གཉིས་སོངམ་ལས་ སངས་རྒྱས་བཅོམ་ལྡན་འདས་ཡང་ཐུགས་ཕམ་མཛད་དགོཔ་ཐོན་སོ་ནུག།

དེ་གི་ཤུལ་ལས་ དྲག་ཤོས་ར་ཀུན་ཤེས་ཀཽཌིནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཚུ་ཨིན་མས། དེ་ཚུ་ག༌ར་སྔོན་བྱང་ཆུབ་སེམས་དཔའ་ ལོ་དྲུག་དཀའ་བ་སྤྱད་པའི་སྐབས་ཀྱི་མཆེད་གྲོགས་ཨིན་རུང་ སངས་རྒྱས་ལོ་དྲུག་གི་ཏིང་ངེ་འཛིན་ལས་བཞེངས་ཏེ་ ངལ་དུབ་ཀྱི་མཐའ་བསལ་ནི་གི་དོན་ལུ་ ཁ་ཟས་ཆུང་ཀུ་ཅིག་བཞེསཔ་ལས་ མ་དད་པར་ཝཱ་རཱ་ཎ་སི་ལུ་བྱོག་སོང་སྦེ་གོའུ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་ ཟེར་སྨད་པ་རྐྱབ་སྟེ་སྡོད་མི་ཨིན་པས། སངས་རྒྱས་ལས་ཆོས་མི་ཞུ་ནི་དང་ གུས་ཞབས་མི་ཞུ་ནི་གི་ནང་ཁྲིམས་དམ་རུང་ སངས་རྒྱས་ཀྱིས་བརྩེ་བས་གཟིགས་ཏེ་ཝཱ་རཱ་ཎ་སི་ལུ་བྱོནམ་ད་ རིན་པོ་ཆེའི་ཁྲི་སྟོང་ཕྲག་ཅིག་ རང་བཞིན་གྱིས་བྱུང་བའི་འདས་པའི་སངས་རྒྱས་གསུམ་གྱི་ཁྲི་ལུ་གུས་པའི་སྒོ་ལས་བཏུད་དེ་ ཁྲི་བཞི་པའི་ཐོག་ལུ་བཞུགསཔ་ད་ ཁྲི་གཞན་ཚུ་ཡལ་སོ་ནུག

དེ་ལས་ འཁོར་ལྔ་སྡེ་བཟང་པོའི་ནང་ཁྲིམས་ཡང་རང་ཞིག་ཏུ་སོང་སྟེ་ སངས་རྒྱས་ལུ་གུས་བཏུད་ཞུ་སྟེ་ཐོན་འོངམ་ལས་ ཤུལ་ལས་འཁོར་གྱི་མཆོག་ལྔ་སྡེ་བཟང་པོ་ཟེར་ ཡོངས་གྲགས་ལོག་སོ་ནུག། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ འཁོར་ལྔ་སྡེ་བཟང་པོ་གིས་གཙོས་པའི་ལྷ་བརྒྱད་ཁྲི་དང་བཅསཔ་འཚོགས་པའི་དབུས་སུ། རྒྱ་རྩིས་པའི་སྟོན་ཟླ་འབྲིང་པོ་ཧོར་ལུགས་ཟླ་ ༦ པའི་ཚེས་ ༤ ལས་འགོ་བཙུགས་ཏེ་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་ངོ་བོ་ལ་བཟླས་པ་བཞི། བྱ་བ་ལ་བཟླས་པ་བཞི། བྱ་བའི་འབྲས་བུ་ལ་བཟླས་པ་བཞི་སྟེ་ བཟླས་པ་ལན་གསུམ་གྱི་སྒོ་ལས་ ཆོས་ཀྱི་འཁོར་ལོ་འགོ་དང་པ་བསྐོར་གནང་ནུག།

དེ་ཡང་གཙོ་བོ་གསོག་འཇོག་ཚུ་ དགག་པའི་སྒོ་ལས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་དང་། ཁ་ཟས་རོ་བརྒྱ་པ་ཚུ་རྗེས་སུ་གནང་བའི་སྒོ་ལས་ དོན་མེད་པའི་དཀའ་ཐུབ་བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའ་སྤོང་བ་སྟེ་ མཐའ་གཉིས་སྤོང་བའི་ཕྱིར་ འདུལ་བའི་སྡེ་སྣོད་འདུལ་བ་ལུང་སྡེ་བཞི་དང་ གསུང་རབ་ཡན་ལག་བཅུ་གཉིས་ལོ་གཉིས་དང་ ཟླཝ་བཅུ་གཅིག་གི་རིང་ལུ་གསུངས་ནུག།

དེ་འབད་ནི་འདི་གིས་ སངས་རྒྱས་ཀྱིས་ཆོས་འཁོར་འགོ་དང་པ་ བསྐོར་གནང་བའི་དུས་ཆེན་གྱི་ཉིནམ་དེ་ཁ་ལས་ཚུར་ ང་བཅས་ར་འཛམ་གླིང་གི་མི་ཚུ་ མ་རིག་པའི་མུན་པ་ལས་ཐར་ཏེ་ སྡུག་བསྔལ་མེད་པའི་བདེ་བ་ཐོབ་ནི་འགོ་བཙུགས་ཡོདཔ་ལས་ དུས་ཆེན་དི་ འཛམ་གླིང་སྤྱི་དང་ ལྷག་པར་ནང་པའི་ཆོས་འབད་མི་ཚུ་ལུ་ ག་ནི་ལས་གལ་ཆེ་བའི་ཉིནམ་ཅིག་འབད་ནི་འདི་གིས་ དུས་དྲན་བརྩི་སྲུང་ཞུཝ་ཨིན། དུས་ཆེན་འདི་ཁར་ ཆོས་སྤྱོད་ཀྱི་ལས་རིམ་ཚུ་དང་ དགེ་བ་གཞན་ག་ཅི་ཨིན་རུང་ བརྩོན་ཤུགས་བསྐྱེད་དེ་བསྒྲུབ་པ་ཅིན་ བསོད་ནམས་དཔག་མེད་བསག་ནི་ཨིནམ་ལས་ གཞུང་གི་ཁ་ཐུག་ལས་ཡང་ མི་མང་དགེ་སྒྲུབ་ཀྱི་དོན་ལུ་ གཞུང་འབྲེལ་ངལ་གསོ་སྦེ་བཞགཔ་ཨིན་ནོ།།