དཔལ་ལྡན་བླ་མ་ལ་སྐུ་གསུང་ཐུགས་རྟེན་ཕུལ་བ།

Wikipedia ལས།

༄༅། །མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བ་ལ།


མཎྜལ་དཀྱུས་ལྟར་ལས། མ་ཚང་བ་མེད་པ་འདི་ཉིད་ཁྱབ་བདག་འཁོར་ལོའི་མགོན་པོ་རྣམ་འདྲེན་རྡོ་རྗེ་འཆང་དབང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་་་་་་་་་་་་དཔལ་བཟང་པོ་མཆོག་གི་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་འཁྲི་འཕང་མཆོག་ལ་མངོན་པར་བཀོད་དེ་སྐུ་ཚེ་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱིའོ། །ཞེས་སྦྱར། དེ་ནས་སྐུ་རྟེན། བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་ལ། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་སྣང་བ་རྟག་ཏུ་འབར་གྱུར་ཅིག། གསུང་རྟེན་ནི། ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་ཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །ཐུགས་རྟེན་ནི། ཡེ་ཤེས་མཆོག་བརྙེད་དཔལ་ལྡན་བླ་མ་ལ། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་ཏུ། །གཟིགས་པས་བདག་སོགས་འགྲོ་ལ་རྗེས་དགོངས་གསོལ། །བུམ་པ་ནི། ཡོན་ཏན་རྨད་བྱུང་དཔལ་ལྡན་བླ་མ་ལ། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་མེད་ཡོན་ཏན་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་བ་སྐོང་མཛད་གསོལ། །སྣ་ཚོགས་རྡོ་རྗེ་ནི། འཕྲིན་ལས་མཐའ་ཡས་དཔལ་ལྡན་བླ་མ་ལ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་འབུལ། མི་འགྱུར་གཡུང་དྲུང་ལྟ་བུ་བཞུགས་སུ་གསོལ། །མི་འགག་ཚངས་དབྱངས་ལྟ་བུ་བཞུགས་སུ་གསོལ། །གཡོ་མེད་རྡོ་རྗེ་ལྟ་བུ་བཞུགས་སུ་གསོལ། །ལྷུན་གྲུབ་ཆེན་པོའི་ངང་དུ་བཞུགས་སུ་གསོལ།།ཕྱོགས་ལས་རྣམ་རྒྱལ་མངའ་བར་བཞུགས་སུ་གསོལ། །བླ་མ་སྐུ་ཁམས་༴ །ཕན་བདེ་འབྱུང་གནས་སོགས་བྱ།།