ཐུབ་པའི་སྐྱེས་རབས་སྡོམ་ཚིག།

Wikipedia ལས།

༄༅། །ཐུབ་པའི་སྐྱེས་རབས་སྡོམ་ཚིག།

༈ ན་མོ་ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་བ་ཡི།། ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །ཤཱཀྱ་སེངྒེ་ཁྱེད་ལ་བསྟོད། །སྟག་མོ་ཤི་པི་ཀོ་སལ་བདག། །ཚོང་དཔོན་གཉིས་དང་རི་བོང་དང་། །ཨ་གསྟི་དང་ཤ་སྦྱིན་དང་། །ཐམས་ཅད་སྒྲོལ་དང་མཆོད་སྦྱིན་བྱེད། །སྦྱིན་པ་ལེགས་པར་བཏང་བ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་སྦྱིན་པ་ཡི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །རྒྱལ་སྦྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པའི་བུ། །དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །ཚུལ་ཁྲིམས་ལེགས་པར་བསྲུང་བ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་ཚུལ་ཁྲིམས་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །བྱང་ཆུབ་ངང་པ་བྱང་ཆུབ་ཆེ། །སྤྲེའུ་དང་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེལ་རྒྱལ་བཟོད་པར་སྨྲ། །ཚངས་དང་གླང་ཆེན་དེ་དག་བཅུ། །བཟོད་པ་ལེགས་པར་སྒོམ་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་བཟོད་པ་ཡི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཟླ་བ་ལྕགས་ཀྱི་ཁང་པར་སྐྱེས།། མ་ཧེ་ཤིང་རྟ་ཡི་དམ་བརྟན། །དེད་དཔོན་གསེར་མདོག་ཀུནྡ་དང་། །རིགས་ངན་གྲགས་པ་འོད་དང་བཅུ། །བརྩོན་འགྲུས་ལེགས་པར་རྩོམ་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་བརྩོན་འགྲུས་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། ཁྱིམ་བདག་སྒྲོན་སྣང་རི་བོང་དང་། །ཀུན་ཏུ་གོ་བྱད་ཁྱིའུ་གཉིས། །བརྟན་བྱིན་བདེ་སྦྱིན་སྙན་པའི་འོད། །ཆུ་སྐྱེས་འཇིག་རྟེན་དགའ་དང་བཅུ། །བསམ་གཏན་ལེགས་པར་བསྒོམ་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་བསམ་གཏན་གྱི།།ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཚངས་སྦྱིན་ཆོས་ཚོལ་ཡེ་ཤེས་ལྡན། །ཆུ་འབེབས་དང་ནི་མེ་ལོང་གདོང་། །གནག་ལྷས་སྐྱེས་དང་གཞོན་ནུ་དང་། །རྔ་དང་ཆུ་སྲེག་དྲང་སྲོང་བཅུ། །ཤེས་རབ་ལེགས་པར་བསྐྱེད་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །སྙིང་རྗེ་ཅན་གཉིས་སྐར་མ་དང་། །བརྒྱ་སྦྱིན་བྲམ་ཟེ་གར་མཁན་མོ། །ང་ལ་ནུ་དང་ཀླུ་ཡི་རྒྱལ། །སེངྒེ་ཁྱེའུ་སྤྲིན་དང་བཅུ། །ཐབས་མཁས་ལེགས་པར་རྫོགས་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་ཐབས་མཁས་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །འོད་ལྡན་བྲམ་ཟེ་རྒྱན་པོ་དང་། །དེས་པ་དང་ནི་གླང་པོ་ཆེ། །འཆར་ཀ་ནོར་ཅན་ཟླ་དགའ་དང་། །ནམ་མཁའ་དཔལ་གྱི་སྡེ་དང་བཅུ། །སྨོན་ལམ་ལེགས་པར་བཏབ་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་སྨོན་ལམ་གྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །སྙིང་སྟོབས་ཆེན་པ་ཟླ་འོད་དང་། །ཤི་བི་བྲམ་ཟེ་རྟག་ཏུ་བརྙེས། །སེང་གེ་དེད་དཔོན་ནོར་བཟང་དང་། །སུ་ཤ་དྷེ་ཝ་བསོད་ནམས་སྟོབས། །སྟོབས་རྣམས་ལེགས་པར་རྫོགས་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་སྟོབས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །འདི་བཟང་དྲང་སྲོང་ཏོག་གི་བློ། །སྔོ་བསངས་དང་ནི་ཉེ་འཕྲེང་སྤོང་། །རྔ་བོང་མུ་ཁྱུད་ཨུཏ་པ་ལ། །བྱང་ཆུབ་སེམས་དཔའ་གཉིས་ཏེ་བཅུ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡི། །སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག། །འཕོ་དང་ལྷུམས་ཞུགས་བལྟམས་པ་དང་། །བཟོ་དང་རོལ་རྩེད་ངེས་འབྱུང་དང་། །དཀའ་སྤྱད་དྲུང་གཤེགས་བདུད་སྡེ་བཏུལ། །སངས་རྒྱས་ཆོས་འཁོར་མྱ་ངན་འདས། །མཐར་ཕྱིན་ལེགས་པར་རྫོགས་པ་ཡི། །རྒྱལ་བ་དེ་ལ་ཕྱག་འཚལ་ལོ།། །བདག་ཀྱང་ཁྱེད་ལྟར་མཐར་ཕྱིན་གྱི། །མཛད་པ་ཡོངས་རྫོགས་སངས་རྒྱས་ཤོག། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག། །བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་།། དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་པ་འགྲུབ་གྱུར་ཅིག།