མི་དབང་འབྲུག་རྒྱལ་ལྔ་པའི་འཁྲུངས་སྐར་དུས་ཆེན།

Wikipedia ལས།

སྤྱི་ལོ་ནམ་ཤར་གྱི་ སྤྱི་ཟླ་ ༢ པའི་ཚེས་ ༢༡ འདི་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་ཨིན།

དེ་ཡང་ ང་བཅས་ར་ འབྲུག་རྒྱལ་ཁབ་འདི་གི་ མི་མང་ཡོངས་ཀྱི་བསོད་ནམས་བྱེ་བའི་འབྲས་བུ་དུས་གཅིག་ལུ་སྨིན་པའི་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་རབས་ལྔ་པ་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་ལོ་ ༣༢༩ གནམ་ལོ་ ལྕགས་སྤྲེལ་རྒྱལ་བའི་ཆོ་འཕྲུལ་དུས་ཆེན་ ཟླ་དང་པའི་ཚེས་ ༦ སྤྱི་ལོ་ ༡༩༨༠ ཟླ་ ༢ ཚེས་ ༢༡ ལུ་ རྒྱལ་ས་ཐིམ་ཕུག་གི་གཟིམ་ཅུང་རྣམ་རྒྱལ་ཆོས་གླིང་ལུ་སྐུ་འཁྲུངས་ནུག། དེ་ཡང་ ཡབ་མི་དབང་མངའ་བདག་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ དགུང་ལོ་ཉི་ཤུ་རྩ་དྲུག་དང་། འབྲུག་རྒྱལ་བཞི་པའི་གསེར་ཁྲི་ཁར་ཕེབས་ཏེ་ ལོ་ངོ་བརྒྱད་སོང་བའི་ལོ་ལུ་ ཡུམ་རྒྱལ་བཙུན་ཨ་ཞེ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་ལས་ འབྲུག་རྒྱལ་བཞི་པའི་སྲས་དང་པ་ འབྲུག་བརྒྱུད་འཛིན་གྱི་རྒྱལ་སྲས་སྦེ་སྐུ་འཁྲུངས་ནུག།

རྒྱལ་ཡུམ་ཨ་ཞེ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་འདི་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རྒྱུད་དྲི་མ་མེད་པའི་ གསེར་སྲང་བླ་མ་ལྔ་པ་རྒྱལ་མཚན་རྡོ་རྗེ་དང་ ཨ་བི་ཡུམ་དབྱངས་ཅན་སྒྲོལ་མ་གཉིས་ལས་བྱོན་པའི་ ཞབས་དྲུང་ཐུགས་སྤྲུལ་བརྒྱད་པ་འཇིགས་མེད་རྡོ་རྗེའི་ཨ་ཞེམོ་ ཨ་ཞེ་རྡོ་རྗེ་དབང་མོ་དང་ ལྷ་རིགས་སྨྱོས་ཀྱི་གདུང་རྒྱུད་གཏེར་སྟོན་པདྨ་གླིང་པའི་གདུང་རྒྱུད་ ཞབས་དྲུང་གསུང་སྤྲུལ་ལྔ་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་སྐུ་ཚ་བོ་ གདོང་དཀར་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན་གཉིས་ཀྱི་སྲས་ དྲགོས་ཨྱོན་རྡོ་རྗེ་དང་། ཡུམ་གཏེར་ཆེན་རྡོ་རྗེ་གླིང་པའི་གདུང་རྒྱུད་ ཨམ་ཨྱོན་སྒྲོལ་མ་དང་ ལྷ་སྲས་གཙང་མའི་རྒྱལ་རྒྱུད་ སྔ་ཚང་མཁོ་ཆེའི་གདུང་རྒྱུད་སློབ་དཔོན་གྲུབ་པ་གཉིས་ཀྱི་སྲས་མོ་ ཐུགས་རྗེ་བཟང་མོ་གཉིས་ལུ་ སྲས་སྲས་མོ་སྐུ་མཆེད་ ༩ ཡོད་མི་གི་ལྔ་པ་ཨིན་མས།

དེ་བཟུམ་མའི་རིགས་རྒྱུད་མངོན་པར་མཐོ་བའི་ འབྲུག་བརྒྱུད་འཛིན་གྱི་རྒྱལ་སྲས་མཆོག་ སྐུ་འཁྲུངས་ཏེ་ཉིནམ་གསུམ་གྱི་ཚེ་ ཡབ་འབྲུག་རྒྱལ་བཞི་པ་མཆོག་དང་ རྒྱལ་ཡུམ་མཆོག་གི་ཡབ་ཡུམ་ སྐུ་མཆེད་ལ་སོགས་པའི་སྐུ་འཁོར་ཚུ་གིས་གཙོས་པའི་ ནང་བློན་འབངས་འཁོར་ཚུ་གིས། ལེགས་པའི་ཕྱོགས་སུ་རྟེན་འབྲེལ་བཟང་པོ་འགྲིགས། །ཕུན་སུམ་ཚོགས་པ་རང་གིས་བྱས་པས་ཆོག། ཟེར་བའི་ལུང་གི་ཚིག་དང་མཐུན་པར་ ཆོས་རྗེ་འབྲུག་པའི་རྒྱལ་སྲས་ སྐུ་འཁྲུངས་པའི་བཙས་སྟོན་རྟེན་འབྲེལ་བཟང་པོའི་དགའ་སྟོན་ ཟབ་རྒྱས་ཕུན་སུམ་ཚོགས་པ་མཛད་གནང་ནུག། དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཁོ་རའི་བརྒྱུད་འཛིན་རྒྱལ་སྲས་མཆོག་གི་མཚན་ཡང་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཟེར་གསོལ་གནང་ནུག།

འབྲུག་བརྒྱུད་འཛིན་གྱི་རྒྱལ་སྲས་མཆོག་ དགུང་ལོ་ ༦ ལས་གཟིམ་ཅུང་ནང་སྦེ་ དམིགས་བསལ་གྱི་སློབ་དཔོན་བསྟེན་ཏེ་ གཞི་རིམ་སློབ་གྲྭའི་སྐུ་ཡོན་གསན་བཞེས་གནང་ནི་འགོ་བཙུགས། རིམ་པ་བཞིན་དུ་ དབྱངས་ཅན་ཕུག་སློབ་གྲྭ་ཆེ་བའི་ནང་ལས་ འབྲིང་རིམ་བར་མའི་སློབ་གྲྭའི་ཤེས་ཚད་མཐར་བསྐྱལ་གནང་ཡི། དེ་ལས་མཐོ་རིམ་ཤེས་ཚད་འདི་ཡུ་ཨེས་ཀྱི་ ཝི་ཀྲིན་མཐོ་རིམ་སློབ་སྡེ་ལས་བཞེས་ཏེ་ མག་ད་ལེན་གཙུག་ལག་སློབ་གྲྭ་ལས་ ཚན་ཉིད་རིག་པའི་ཁྱད་འཕགས་ཤེས་ཡོན་ ཨེམ་ཕིལ་གྱི་ཤེས་ཚད་དང་། ཀེ་ན་ཌ་ ཕེ་རིག་ཊོན་ བུ་རུནསི་ཝིག་ གཙུག་ལག་སློབ་ཁང་ལས་ཁྲིམས་གཞུང་རིག་པའི་མཁས་དབང་ ཨོ་ན་ར་རི་ ཌིག་རི་ཨོཕ་ ཌོག་ཊར་གྱི་ཆེ་མཐོའི་གཟེངས་རྟགས་ཡང་བཞེས་གནང་ཡི།

བརྒྱུད་འཛིན་གྱི་རྒྱལ་སྲས་མཆོག་སྐུ་ཡོན་གསན་འཕྲོ་ལུ་ ཡབ་ཀྱི་ཕྱག་ཞུ་སྟེ་ ཆོས་རྗེ་དཔལ་ལྡན་འབྲུག་པའི་སྒྲིག་ལམ་ཉམས་བཞེས་གནང་བ་མ་ཚད་ དཔལ་ལྡན་འབྲུག་པའི་ཏོག་བདག་འགན་ཡང་ འགོ་དང་པ་ སྤྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༢༥ ལུ་ གཉིས་སྐལ་མའི་གོ་གནས་བཞེས་གནངམ་དང་གཅིག་ཁར་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་དབུ་ཁྲིད་དང་ སློབ་གྲྭའི་ན་གཞོན་ཡོངས་ཀྱི་ཏའི་ཀོན་ཌོ་ཚོགས་སྡེའི་སྲིད་འཛིན་གྱི་ཐུགས་འགན་བཞེས་གནང་ཡི། དེ་ལས་ སྤྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༣༡ ལུ་ཀྲོང་གསར་དཔོན་སློབ་ཁྲི་རབས་ ༡༦ པའི་ཁྲི་ཁར་ཕེབས་གནང་ཞིནམ་ལས་ འབྲུག་རྒྱལ་ཁབ་ནང་ དུས་སྐབས་དེ་ནང་ ཡབ་མཆོག་མི་དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ མི་མང་ལུ་གསོལ་རས་ཀྱི་གནང་བྱིན་སྦེ་བསྩལ་བའི་ དམངས་གཙོའི་རིང་ལུགས་ཀྱི་གཞི་འགྱམ་བཙུགས་ནིའི་དོན་ལུ་ ག་ནི་ལས་གལ་ཆེ་བའི་ཕྱག་ལཱ་མང་རབས་ཅིག་གནང་དགོཔ་ཡོད་མི་ལས་ གཙོ་ཆེ་ཤོས་ཅིག་རྩ་ཁྲིམས་ཆེན་མོའི་ཟིན་བྲིས་ རྫོང་ཁག་སོ་སོའི་མི་སེར་ཚུ་དང་གཅིག་ཁར་གྲོས་བསྟུན་རིམ་པ་བཞིན་འགོ་དྲེན་འཐབ་དགོཔ་ཡོད་མི་འདི་ཨིན་མས། དེ་བཟུམ་མའི་གལ་ཅན་གྱི་ཕྱག་ལཱ་ལུ་ དང་པ་ཡབ་ཀྱི་ཕྱག་ཞུ་སྟེ་དང་ གཉིས་པ་ཁོ་ར་སྐུ་རྐྱང་གིས་གསུང་གྲོས་འགོ་འདྲེན་ རིམ་པ་བཞིན་དུ་འཐབ་གནང་སྟེ་ རྩ་ཁྲིམས་ཆེན་མོའི་ཟིན་བྲིས་མཐར་བསྐྱལ་གནང་ཡི།

དེ་ལས་སྤྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༡༤ ལུ་ འབྲུག་རྒྱལ་ཁབ་ནང་ ཧེ་མ་བྱོན་མི་རྒྱལ་རབས་རིམ་བྱོན་བཞི་དང་མ་འདྲ་བའི་མཛད་པ་གལ་ཅན་ཅིག་ ག་ཅི་བྱུང་ཡི་གོ་ཟེར་བ་ཅིན་ ཡབ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ཁོ་ར་དགུང་ལོ་ ༥༢ ལས་མ་བཞེས་རུང་ རྒྱལ་ཁབ་དང་མི་མང་གི་ མ་འོངས་པའི་མཐའ་དོན་ཁོ་ན་ལུ་གཟིགས་ཏེ་ རྒྱལ་ཁྲི་སྤངས་ཏེ་གནངམ་ལས་ བརྒྱུད་འཛིན་གྱི་རྒྱལ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགས་མཆོག་ དགུང་ལོ་ ༢༦ ལུ་ འབྲུག་རྒྱལ་ལྔ་པའི་ཕྱག་འགན་རྩ་ཅན་འདི་རྩིས་བཞེས་གནང་ཡོདཔ་ཨིན། དེ་ལས་ཚུར་འབྲུག་རྒྱལ་ཁབ་སྐྱོང་ནིའི་ཐུགས་འགན་ཧྲིལ་པོར་བཞེས་ཏེ་ འབྲུག་རྒྱལ་ཁབ་ནང་ མི་སེར་དམངས་གཙོའི་གཞུང་འགོ་བཙུགས་ནི་དང་ རྒྱལ་བརྒྱུད་ཀྱི་རིང་ལུགས་ལོ་ངོ་བརྒྱ་འཁོར་བའི་དགའ་སྟོན་མཛད་ནི་གི་ཕྱག་ལཱ་ཚུ་འགོ་འདྲེན་འཐབ་གནང་སྟེ་ སྤྱི་ལོ་ ༢༠༠༨ ལུ་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་དགའ་སྟོན་དང་བཅས་ འབྲུག་རྒྱལ་ཁབ་ནང་ དུས་ནམ་ཡང་བྱུང་མ་མྱོང་བའི་ དུས་ཆེན་རྣམ་གསུམ་གྱི་རྟེན་འབྲེལ་མཛད་སྒོ་སྟབས་ཅིག་ཁར་བརྩི་སྲུང་གི་དགའ་སྟོན་ ལོ་ངོ་གཅིག་གི་རིང་ལུ་མཛད་དེ་ རྒྱལ་ཁབ་ནང་དགའ་ལྡན་ལྷ་ཡུལ་ལས་ལྷག་པའི་དགའ་སྤྲོ་ལོངས་སུ་སྤྱོད་ནི་ཡོདཔ་བཟོ་གནང་ཡི།

དེ་བཟུམ་མའི་ སྐུ་བསོད་དང་སྐུ་ཡོན་ མི་སེར་ལུ་བྱམས་སེམས་ འགྲན་ཟླ་མེད་པའི་མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་མི་ཡོངས་ཀྱི་བསོད་ནམས་དུས་གཅིག་ལུ་འབར་ཏེ་ འབྲུག་རྒྱལ་ཁབ་འདི་གི་སྤྱི་ནོར་དམ་པར་ སྐུ་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རང་གཟུགས་ལུ་ སྐུ་འཁྲུངས་པའི་དུས་དྲན་གྱི་ཉིནམ་འདི་ ལོ་ནམ་ཤར་གྱི་སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ འབྲུག་མི་ཡོངས་ཀྱིས་ ཡིད་སྤྲོ་བླ་ན་མེད་པའི་ དད་པ་མོས་གུས་དང་ དགའ་སྤྲོ་ཚད་མེད་ཀྱི་ཐོག་ལས་ འཁྲུངས་སྐར་དུས་ཆེན་གྱི་ དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ཞུཝ་ཨིན།

དེ་གི་དོན་ལུ་ གཞུང་ལས་ཡང་ ཉིནམ་ ༣ གྱི་ངལ་གསོ་བཞག་གནང་སྟེ་ཡོདཔ་ལས་ དེ་གི་སྐབས་ལུ་ སྐལ་མཉམ་འབྲུག་མི་ཡོངས་ཀྱིས་དགའ་བའི་དུས་སྟོན་བརྩི་སྲུང་ཞུ་ནི་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ དད་དམ་འགྱུར་བ་མེད་པའི་བློ་གཏད་དང་ཡིད་ཆེས་ཐོག་ལས་ རྒྱབ་སྐྱོར་ཀྱི་ཞབས་ཏོག་ཕུལ་ནིའི་ ཁས་བླངས་དམ་བཅའ་ཕུལ་དགོཔ་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་ཚེ་ཞབས་པད་ མི་འགྱུར་རྡོ་རྗེའི་ཁྲི་ལུ་བསྐལ་བརྒྱར་བརྟན་ཏེ་ མཛད་པ་འཕྲིན་ལས་ཐུགས་ཀྱི་དགོངས་བཞེད་བཞིན་དུ་ འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདེབས་ ཧིང་དྭངས་མའི་དཀྱིལ་ལས་ཞུ་དགོཔ་ཨིན་ནོ།། །།