མདོ་ལུགས་རབ་གནས་ཤིན་ཏུ་བསྡུས་པ།

Wikipedia ལས།

༄༅། །མདོ་ལུགས་རབ་གནས་ཤིན་ཏུ་བསྡུས་པ་བཞུགས་སོ།།

༄༅། །སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་ཚད་མེད་བཞི་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝས་རང་གི་ཕུང་ཁམས་སྐྱེ་མཆེད་སྦྱངས། སྟོང་པའི་ངང་ལས། སྐད་ཅིག་གིས་པད་ཟླའི་སྟེང་དུ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་པ་ས་གནོན། གཡོན་མཉམ་བཞག །དབུའི་གཙུག་གཏོར་མཐོན་མཐིང་སེམས་ཅན་གྱིས་ལྟར་མི་མངོན་པ། སྐུ་ལ་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་གསོལ་བ། སྤྲུལ་པ་སྐུའི་མཚན་ཉིད་དང་ལྡན་པར་གྱུར། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱཧཱ། ཞེས་བརྒྱ་རྩ་བཟླས། དེ་ནས་བུམ་པར་བསྔགས་ཀྱི་ཡིག་འབྲུས་གང་བར་གྱུར། ཨེ་དྷརྨ་ལན་བདུན་ཙམ་བཟླས་ཏེ། ཡིག་འབྲུ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། ཞེས་བརྗོད། སུམྦྷ་ནི་ལན་བདུན་གྱིས་ཐུནརྫས་ལ་སྔགས། ཡང་ ཡེ་དྷརྨཱ་བདུན་གྱིས་འབྲུ་ལ་སྔགས། བགེགས་གཏོར་ཨོ་ཨཱཧཱུྃ་གིས་བྱིན་གྱིས་བརླབས། འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་སྙིང་གར་བཅས་ཏེ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། བགེགས་ཀྱི་རྒྱལ་པོ་བྲི་ན་ཡ་ཀ །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ་སོགས་པ་ས་འོག་ས་སྟེང་ས་བླ་གསུམ་ན་གནས་པའི་གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གུལ་ཡུངས་དང་བཅས་སུམྦྷ་ནི་བཟླས་ཏེ་རིང་དུ་བསྐྲད། ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས་ནས། བཛྲ་རཀྵ་རཀྵས་མཚམས་བཅད། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་སོགས་ཁྲུས་གསོལ་བྱ། དེ་ནས་སྭ་བྷ་ཝས་རྟེན་རྣམས་སྦྱངས། སྟོང་པའི་ངང་ལས། སྐད་ཅིག་གིས་པད་ཟླའི་སྟེང་དུ། རྟེན་རྣམས་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ནས། །སྤྲུལ་པ་སྐུའི་མཚན་ཉིད་དང་ལྡན་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀའི་སྟོད་དུ་ཧཱུྃ། སྨད་དུ་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ སུམྦྷ་ནིས་ཕྱི་འབྲང་བསྐྲད། ཛཧཱུྃ་བཾ་ཧོ༔ རྟེན་གྱི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་དགུག་བསྟིམ་བྱ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨོ་ཨབཛྲ་ཨརྒྱུ་སོགས་ཀྱིས་མཆོད། སྲིད་པའི་འཇིགས་ལས་སོགས་ཀྱིས་བསྟོད། རྟེན་གྱི་རྒྱལ་བ་ཤཱཀྱ་ཐུབ་པ་འོད་དུ་ཞུ་བ་ལས་རྟེན་རང་རང་གི་རྣམ་པར་གྱུར། དེ་ནས་བླ་མ་རྗེ་བཙུན་དང་དཀོན་མཆོག་རིན་ཆེན་ཐམས་ཅད་དང་། ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། བདག་རྡོ་རྗེ་འཛིན་པས་རབ་ཏུ་གནས་པར་བྱས་པའི་རྟེན་འདི་རྣམས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་དུ་གྱུར་ནས་སྤྲུལ་པ་སྐུའི་མཛད་པ་མངོན་སུམ་དུ་མཛད་པར་གྱུར་ཅིག །ལན་གསུམ་ཀ་སྐུ་གསུང་ཐུགས་ཞེས་བསྒྱུར། འགྲོ་བའི་དོན་ལ་འཁོར་བ་ཇི་སྲིད་དུ་གནས་པར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་གྱུར། དེ་ནས་ཡོན་སློབ་གཉིས་ཀས་རྟེན་ནམ་ཁང་བཟང་གི་དཀྱིལ་ནས་བཏགས་པའི་མེ་ཏོག་གི་ཕྲེང་བ་གཟུང་སྟེ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སྦྱིན་བདག་བསོད་ནམས་སྤེལ་བ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་བཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ལྟར་འདིར་ནི་བཞུགས་སུ་གསོལ། །བདག་སོགས་སེམས་ཅན་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཕེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཨོ་ཨ༔བིགྷན་ཏ་ཀྲྀཧཱུྃ་སོགས་འཁྱིལ་སྔགས་ལན་གསུམ་བརྗོད་ཅིང་གནས་བྱའི་རྟེན་གྱི་འོག་བར་སྟེང་གི་ཆར་རྡོ་རྗེ་གསོར་ཞིང་རྒྱ་གྲམ་དུ་བཀོད་པས་བརྟན་བྱར་བྱ། དེ་ནས་ཡེ་དྷརྨཱ་ཉེར་གཅིག་བཟླས་ཏེ་འབྲུ་ལ་སྔགས་ཞུས་ནས་འབྲུ་བཀྱེ། ཨོཾ༑ བདེ་ལེགས་རྒྱ་མཚོ་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་མཐར། ཨོཾ་སུ་པྲ་ཏིཥྛ་ལན་གསུམ་བརྗོད། དགེ་བ་བསྔོ་བ་སོགས་ཀྱིས་གྲུབ་བོ། །དེས་མཚོན་ཏེ་སཙྪ་དང་ཇོ་དར་སོགས་ལའང་ཤེས་པར་བྱའོ། །ཞེས་སྒྲུབ་སྡེའི་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱི་བཀའ་བཞིན་དགེ་རིན་པས་སོ།།