མགོན་པོའི་བཤགས་པ།

Wikipedia ལས།

༈ མགོན་པོའི་བཤགས་པ་ནི།


ཀྱེེ༑ ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོ། །མཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཀའ་ཡི་དམ་ཚིག་གཉན་པོ་སྲུང་རྒྱུ་ལ། །བཀའ་ལྟར་མ་གྱུར་གཞུང་བཞིན་རྫོག་མ་ཐོགས། །བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོ་དུར་ཁྲོད་ཚོགས་ལ་བཤགས། །ལུག་ནག་གཅན་གཟན་བཀའ་ཡི་ལས་མཁན་རྣམས། །བྱ་རོ་གདོང་ཅན་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །ང་རྒྱལ་མཐོན་པོའི་ནད་ཀྱིས་བདག་གཟིར་ཏེ། །བག་མེད་སྟོབས་ཀྱིས་བརྙས་པ་གང་བགྱིས་པ། །བླ་མ་རྣམ་གསུམ་སྐུ་ལ་བཟོད་པར་གསོལ། །ཆོས་སྐུ་སྤྲོས་དང་བྲལ་བ་དེ་ཉིད་ལས། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུས་གཞན་དོན་མཛད། །དེ་ཡི་ཞལ་ནས་གསུངས་པའི་བཀའ་རྣམས་ལས། །འདས་ཤིང་ཁྱད་དུ་བསད་པ༴། །བླ་མ་གཅིག་དང་རིག་མ་གཅིག་ཉིད་དང་། །དཀྱིལ་འཁོར་གཅིག་དང་བྱེ་བྲག་གཞན་དག་ཏུ། །དམ་ཚིག་གཅིག་གིས་འདུས་པའི་སྤུན་རྣམས་ལ། །ཁྲོས་ཤིང་ཉེས་པ་བརྗོད་པ༴། །སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན། །རྒྱལ་བའི་སྲས་མཆོག་དམ་པར་གྱུར་པ་ལ། །བདག་ཉིད་མི་མཁས་ཞེ་སྡང་དབང་གྱུར་པས། །བྱང་སེམས་ཕན་ཐོགས་སྤངས་པ༴། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ། །ཀུན་རྫོབ་དོན་དམ་ཆ་ལ་མ་བརྟེན་པར། །འཇིག་རྟེན་རྣམ་རྟོག་དབང་དུ་ཤོར་བ་ཡི། །བདེ་ཆེན་བྱང་སེམས་སྤངས་པཟ། །ཕྱི་རོལ་པ་དང་ཉན་ཐོས་རང་རྒྱལ་དང་། །ཐེག་པ་ཆེ་དང་གསང་སྔགས་བླ་ན་མེད། །ལམ་ཚོལ་ཞུགས་དང་ལམ་ཞུགས་ལམ་ཆེན་ཞུགས། །གྲུབ་པའི་མཐའ་རྣམས་དམོད་པ༴། །སྣོད་དང་ཆོ་གས་མ་སྨིན་ཉམས་པ་དང་། །ཟབ་མོས་འཇིགས་ནས་མ་སྨིན་ལ་སོགས་ལ། །གསང་སྔགས་ཕྱག་རྒྱ་བརྡ་དང་སྔགས་ལ་སོགས། །ཟབ་མོའི་གསང་བ་བསྒྲགས་པ། །ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔ་དངོས། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་པ་ལ། །གསད་དང་བརྡེག་དང་དཀའ་ཐུབ་བསྙུལ་བ་དང་། །དམད་ཅིང་དམན་པར་བཏགས་པ༴། །ཆོས་རྣམས་ཀུན་ཀྱི་རང་བཞིན་དེ་ཉིད་ལ། །ཡིན་དང་མིན་དང་གཉིས་དང་གཉིས་མེད་སྤངས། །རང་བཞིན་དག་པའི་ཆོས་ཀྱི་དབྱིངས་ཉིད་ལ། །ཐེ་ཚོམ་སོམ་ཉི་ཟོས་པ༴། །བླ་མ་དང་ནི་དཀོན་མཆོག་གསུམ་པོ་དང་། །གསང་སྔགས་རྡོ་རྗེ་ཐེག་ལ་མི་མོས་ཤིང་། །སྨོད་ཅིང་བཀུར་པ་འདེབས་པའི་མི་རྣམས་ལ། །བྱམས་ཤིང་ཚར་མ་བཅད་པ་༴། །མིང་རྣམས་ཐམས་ཅད་རྣམ་པར་རྟོག་པ་སྟེ། །རྟོགས་པ་སྟོང་པའི་ཡེ་ཤེས་ཆེན་པོ་ཉིད། །དེ་ལ་གཟུང་དུ་རྡུལ་ཙམ་མེད་པ་ལ། །ཡིན་དང་མིན་ཏུ་བཏགས་པ༴། །དང་པོའི་ལས་ཅན་བྱིས་པའི་ངང་ཚུལ་ཅན། །དད་ལྡན་ལུང་གི་རྗེས་སུ་འབྲངས་རྣམས་ལ། །ཟབ་མོའི་ཚིག་བརྗོད་བརྟུལ་ཞུགས་སྤྱོད་བསྟན་པ། །ཕ་རོལ་སེམས་སུ་ཕྱུང་བ༴ །མི་སྤང་སྤྱད་ཅིང་བསྲུང་བར་བྱ་བ་དང་། །ཤེས་པར་བྱ་བའི་རྩ་བ་ཡན་ལག་བཅས། །ཤེས་ནས་ཁྱད་དུ་བསད་དེ་མ་སྲུང་པ། །ཤིན་ཏུ་གནོང་ཞིང་འགྱོད་པའི་སྒོ་ནས་བཤགས། །ཕྱི་ནང་གསང་བའི་རིག་མ་དམ་པ་དང་། །ཐུན་མོང་ཁྱད་པར་རིག་མ་བླ་མེད་ལ། །སྐྱོན་དང་ཉེས་པའི་སྒོ་ནས་དམད་གྱུར་པ། །ཉོན་མོངས་ཀུན་ནས་བླངས་པ་མཐོལ་ལོ་བཤགས། །དམ་ཚིག་མི་ལྡན་རིག་མ་བརྟེན་པ་དང་། །ཚོགས་འཁོར་ལ་སོགས་ནང་དུ་རྩོད་པ་དང་། །རིག་མ་དམན་ལ་བདུད་རྩི་བླངས་པ་དང་། །གསང་ཆོས་འདོད་པའི་སྣོད་ལ་མ་བཤད་དང་། །དད་ལྡན་ཆོས་མིན་གཏམ་ལ་སྦྱར་བ་དང་། །ཉན་ཐོས་ནང་དུ་ཞག་བདུན་འདས་པ་དང་། །མིང་ཙམ་ལ་བརྟེན་སྔགས་པ་ཡིན་སྨྲ་དང་། །སྣོད་མིན་པ་ལ་སྔགས་བཤད་ཉེས་པ་དང་། །བསྒོམ་བཟླས་ལ་སོགས་འགལ་འཁྲུལ་གྱུར་པ་དང་། །ལྟ་སྤྱོད་ལ་སོགས་མ་དག་ཉེས་པའི་ཚོགས། །མགོན་པོ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །དྲི་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །དཀོན་མཆོག་གསུམ་དང་བླ་མ་སྤུན་གྲོགས་ལ། །ལུས་ངག་ཡིད་གསུམ་དད་པས་མཆོད་བྱེད་པ། །ནག་པོ་སྤྱི་ཡི་དམ་ཚིག་ཡིན་པ་ལ།།དད་གུས་བརྩེ་སེམས་ཆུང་བ་མཐོལ་ལོ་བཤགས། །མགོན་པོའི་སྐུ་འབག་བྱ་རོག་གཡང་གཞིས་བརྒྱན། །གསང་ནས་བསྲེལ་ཞིང་མི་འབྲལ་མཆོད་པ་ནི། །ནག་པོ་སྐུ་ཡི་དམ་ཚིག་ཡིན་པ་ལ། །ལེ་ལོར་གྱུར་ཏེ་མ་བསྲེལ༴། །ནག་པོའི་སྲོག་སྙིང་འཆང་ཞིང་མི་ཚིག་གིས། །བར་དུ་མ་ཆོད་རྒྱུན་དུ་ཟློས་པ་ནི། ནག་པོ་གསུང་གི་དམ་ཚིག་ཡིན་པ་ལ། །ལོང་གཏམ་བར་ཆོད་བྱས་པ། རིན་ཆེན་རྣམ་ལྔ་ནག་པོའི་སྙིང་ནས་འཆང་། །རང་ཉིད་ལྷར་གསལ་ནག་པོ་ཆེན་པོ་བསྐྱེད། །ནག་པོ་ཐུགས་ཀྱི་དམ་ཚིག་ཡིན་པ་ལ། །ཏིང་འཛིན་མ་གསལ་ལྷ་བསྐྱེད༴། །ཤ་སྣ་སྙིང་སྣ་སྨན་སྣ་ཞལ་ཟས་སོགས། །ཕངས་པ་མེད་པར་དུས་བཞིར་མཆོད་པ་ནི། །ཆོས་སྐྱོང་མཉེས་པའི་དམ་ཚིག་ཡིན་པ་ལ། །མཆོད་གཏོར་ཕུལ་ཆུང་དུས་འདས༴། །གཡབ་དར་རཀྟ་གསང་སྔགས་མི་རྐང་དང་། །ཤ་ཆེན་དུད་པ་ཚིལ་ཆེན་མར་མེ་སོགས། །ཆོས་སྐྱོང་འདུ་བའི་དམ་ཚིག་ཡིན་པ་ལ། །འབྱོར་སྟོབས་ཆུང་པས་མ་ཚོགས༴། །བླ་མ་ལ་སྡང་གསང་སྔགས་སྤུན་ལ་འཁུ། །བསྟན་པ་བཤིག་ཅིང་སེམས་ཅན་སྡིག་ལ་འདོག། །ཐོ་ཕྱིར་མི་རྟེན་དམ་ཚིག་ཡིན་པ་ལ། །ཞེ་སྡང་མ་སྐྱེས་བྱམས་བྱས། །མཛེ་ཕོ་ཡུག་ས་རྨེ་དོང་གཤན་པ་དང་། །དམ་ཉམས་ཁྲིམས་རལ་མི་ནག་སྡིག་ལས་བྱེད། །ཕྱོགས་སུ་མི་རྟེན་དམ་ཚིག་ཡིན་པ་ལ། །ངོ་མ་ཕྱོགས་ཤིང་རྟེན་པ༴། །གཞན་ཡང་དཔལ་ཆེན་མཆོད་པ་རྟར་བཟུར་ན། །དུས་བཞིར་མཆོད་དང་ནང་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་མཉེས། །ནག་པོ་འཁོར་དང་བཅས་ལ༴། །བཟླས་བརྗོད་སྔགས་ཚིག་ལོང་གཏམ་བར་དུ་ཆོད། །ནག་པོའི་སྲོག་སྙིང་གནད་ནས་མ་འཁུལ་ཏེ། །བཟླས་བརྗོད་སྔགས་ཚིག་ཉམས་པ་ཐམས་ཅད་ཀུན། །ལྷ་ཆེན་འཁོར་དང་བཅས་ལ༴། །ཡི་དམ་རྩེ་གཅིག་གཞུང་བཞིན་སྒོམ་རྒྱུ་ལ། །ཏིང་འཛིན་མ་གསལ་ནག་པོ་ཆེན་པོ་བསྐྱེད། །ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་ཀུན། །ནག་པོ་འཁོར་དང་བཅས་ལ༴ །དར་ནག་རཀྟ་བ་དན་ལ་སོགས་པའི། །རྟེན་རྫས་མ་ཚོགས་དམ་ཚིག་ཉམས་པ་ཀུན། །ནག་པོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །མནོང་ངོ་འགྱོད་དོ་མ་དང་མཁའ་འགྲོའི་ཚོགས། །མཐོལ་ལོ་བཤགས་སོ་བཀའ་ཡི་ལས་མཁན་རྣམས། །བྱང་ཞིང་དག་པར་མཛོད་ཅིག་ཐུགས་དམ་ཅན། །དྲི་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ།