བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་བྱིན་རླབས་སྤྲིན་ཕུང་།

Wikipedia ལས།

༈ ན་མོ་གུ་རུ་ཡེ། དེ་ཡང་ཐོས་བསམ་ལ་སོགས་པའི་འབྱོར་པ་དང་མི་ལྡན་པའི་གང་ཟག་དེ་ཡང་ལས་དང་པོ་པའི་རིགས་སྤྲོས་མེད་བླ་མའི་རྣལ་འབྱོར་ཉུང་ངུ་ཉམས་སུ་བླང་བར་འདོད་པས། ཐོང་མར་སྐྱབས་སེམས་ནི། སྐྱབས་ཡུལ་ཀུན་འདུས་དྲིན་ཅན་བླ་མ་ལ། །འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མར་གྱུར་མཐའ་མེད་འཁོར་བའི་སེམས་ཅན་རྣམས། །ཡང་དག་ལམ་ལ་འགོད་ཕྱིར་སེམས་བསྐྱེད་དོ། །དངོས་གཞི་ནི། རང་ལུས་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ། །རྡོ་རྗེ་ཕག་མོར་གསལ་བའི་སྤྱི་བོའི་སྟེང་། འདི་ཕྱི་གཏན་གྱི་མགོན་པོ་བླ་མ་རྗེ། །རང་ལ་དགྱེས་པའི་འཛུམ་བཅས་བཞུགས་པར་གྱུར། །ཅེས་གསལ་བཏབ་ནས་གསོལ་འདེབས་ནི། ཁྱབ་བརྡལ་མོས་གུས་ཆེན་པོས་གསོལ་བ་འདེབས། །གནས་ལུགས་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཞེས་མང་དུ་བརྗོད་དེ་བྱིན་རླབས་ཞུ་བ་ནི། བླ་མའི་སྐུ་གསུང་ཐུགས་ལས་འོད་འཕྲོས་པས། །ལུས་ངག་ཡིད་གསུམ་ཡོངས་སུ་སྨིན་པའི་མཐར། །བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་མངོན་པར་བྱང་ཆུབ་ཤོག། ཅེས་མཉམ་བཞག་ཡུན་ཅི་རིགས་བསྐྱང་། སླར་ཐུན་བསྡུ་ཚེ། བསྔོ་སྨོན་ཤིས་བརྗོད་བྱ་བ་ནི། དེ་ལྟར་བསྒོམས་པའི་དགེ་བས་འགྲོ་བ་ཀུན། །རང་རིག་དོན་གྱི་བླ་མ་མཇལ་བར་བསྔོ། །རྩ་གསུམ་རྒྱ་མཚོས་སྨོན་པའི་དོན་ཐམས་ཅད། །གེགས་མེད་བདག་གིས་མྱུར་དུ་འགྲུབ་པར་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ཞེས་པ་འདིའང་རྒྱས་པ་བློས་མི་ལྕོགས་པའི་སྒོམ་སྒྲུབ་ལ་གཞོལ་པ་རྣམས་ལ་སྨན་པའི་བློས་ཤཱཀྱའི་དགེ་སློང་བསོད་ནམས་རྒྱ་མཚོས་སྦྱར་བ་དགེའོ། །

Reference

དཔལ་ལྡན་འབྲུག་པའི་གསུང་རབ། ༢༠༠༩ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་མགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། ཏཱའི་པེ། ཏཱའི་ཝཱན།