བླ་མ་འབྲུག་པ་ཀུན་དགའ་ལེགས་པའི་རྣམ་ཐར་གསོལ་འདེབས།

Wikipedia ལས།

༄༅། །འབྲུག་པ་ཀུན་དགའ་ལེགས་པས་མཛད་པའི་རྣམ་ཐར་གསོལ་འདེབས་བཞུགས་སོ།།

༈ སྲིད་གསུམ་མ་ལུས་འགྲོ་བའི་སྐྱབས་གཅིག་པུ། །འཛམ་གླིང་ཡོངས་གྲགས་གཙང་པ་རྒྱ་རས་ཀྱི། །དབོན་ཆེན་འབྲུག་པ་ཀུན་དགའ་ལེགས་པ་ཞེས། །ཀུན་གྱིས་མི་རྟོགས་འཇིག་རྟེན་སྐྱེ་བོའི་ཚུལ། །དད་ཅན་མ་ལུས་ཀུན་གྱི་ཡིད་འཕྲོག་པ། །ཐེག་ཆུང་མ་སྤངས་ཐེག་ཆེན་མངོན་དུ་གྱུར། །བདེ་སྟོང་དབྱེར་མེད་ཟུང་འཇུག་ཟློས་གར་མཁན། །ཙན་དན་སི་ཧའི་དྲི་བཟང་བས་ཀྱང་བསིལ། །ཁྱེད་ཀྱི་ཡོན་ཏན་ལྐོག་ཏུ་སྦས་ཀྱང་གསལ། །རྣམ་པ་ཀུན་ཏུ་སྙན་གྲགས་ཆོས་སྒྲ་སྒྲོག །འདིར་སྣང་ཤེས་བྱ་བསླབ་ཚུལ་མ་བསྟན་ཀྱང་། །སྔོན་ནས་སྦྱངས་པའི་ལས་འཕྲོ་སད་པ་ཡི། །མདོ་སྔགས་ཀུན་གྱི་ཚིག་དོན་ཐུགས་ལ་འཁྲུངས། །སྐལ་ལྡན་གདུལ་བྱ་དབང་རྣོན་རྗེས་སུ་འཛིན། །དད་མེད་རྣམས་ལ་ཐབས་ཀྱིས་ལས་འཕྲོ་བཞག །སྐལ་མེད་སྐུར་པ་ཞུགས་ལ་ལྷག་པར་བརྩེ། །ཆུང་ནས་གཅེས་ཕྲུག་ཕ་མ་གཉིས་དང་བྲལ། །རྒྱལ་ཁམས་ཕྱོགས་མེད་སྐྱིད་སྡུག་བསྲེག་ནས་བསྐོར། །འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་བཞིན་དོར། །བྱིས་པའི་བློ་ཅན་ལོག་སྨྲ་མཐར་འབྱིན་པའི། །རྟགས་དང་རྫུ་ འཕྲུལ་རྒྱུན་མ་འཆད་སྟོན་ཀྱང་། །ལོག་པའི་མིག་གིས་ལེགས་པར་མཐོང་མིན་པས། །དད་པའི་སྣང་ངོར་ཆེ་ལོང་ཙམ་ཞིག་བརྗོད། །དང་པོར་ཕ་ཡུལ་ཆགས་སྡང་ཐམས་ཅད་སྤངས། །ཐེག་ཆེན་འདུལ་ལ་བསྟན་ལ་རབ་ཏུ་བྱུང་།། ཉེས་ལྟུང་དྲི་མ་ཐམས་ཅད་གཏན་ནས་སྤངས། །ཐེག་ཆེན་བསླབ་པའི་ཆོས་རྣམས་རང་དོན་དུ། །ཉེར་ཞིའི་དྲི་སྤངས་འགྲོ་རྣམས་སྙིང་དབུས་བཞག།།གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ། །དབང་བཞིའི་དོན་རྟོགས་སྐུ་བཞི་མངོན་དུ་གྱུར། །རྒྱལ་ཁམས་ཕྱོགས་མེད་བརྟུལ་ཞུགས་སྤྱོད་པ་བསྐྱངས། །གང་ལ་གང་འདུལ་དེ་ལ་དེར་འཚམས་པའི། །ཆོས་དང་རྫུ་འཕྲུལ་ཡ་མ་ཟུང་དུ་བསྟན། །ལྷོ་མོན་ཕྱོགས་སུ་སེམས་ཅན་བསད་གསོ་མཛད། །བུམ་ཐང་ཕྱོགས་སུ་ནོར་རྫས་གཏེར་རྣམས་བཏོན། །བོད་ཡུལ་དབུས་སུ་དཀར་ཡོལ་མཁའ་ལ་བཞག། །བདེ་ཕུག་ཕྱོགས་སུ་བཀྲེན་པ་ཕྱུག་པོར་བཏང་། །ཉང་གི་ཕྱོགས་སུ་འཁོར་གསུམ་ཉི་ཟེར་བཀལ། །གསལ་ལེ་ཕུག་ཏུ་མཚན་ལྡན་རིག་མ་གཟིགས། །རི་བོ་བྲག་ཏུ་ཕུན་ཚོགས་ཆོས་འཁོར་བསྐོར། །མོན་གྱི་ཕྱོགས་སུ་གདུག་པའི་ཀླུ་བདུད་བཏུལ། །ཡར་ལུང་དབུས་སུ་བདུད་མོའི་སྙིང་ཁྲག་འཕོས། །བྱས་པའི་ཆོས་རྣམས་བདེན་མེད་སྒྱུ་མར་གཟིགས། །མ་བྱས་ཆོས་ཅིག་གདོད་ནས་མངོན་དུ་གྱུར། །སྣ་ཚོགས་འགྲོ་བ་འདུལ་ཕྱིར་ཅིར་ཡང་སྟོན། །ཆུ་མེད་ཆུ་དང་ནོར་མེད་ནོར་དང་སྤྲད། །ཆོས་མེད་ཆོས་དང་བུ་མེད་བུ་དང་སྤྲད། །དེ་ལ་སོགས་ཏེ་ལེགས་པའི་ཡོན་ཏན་འགའ། །འཆད་དུ་འདུག་ཀྱང་སྦས་པའི་ཚུལ་དུ་བཞག། །དེ་འདྲའི་ཡོན་ཏན་མངའ་བའི་བླ་མ་རྣམས། །མཆོག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།། ཞེས་སོ།།