བླ་མ་དྲག་པོ་ཀཱི་ལ་ཡའི་སྒྲུབ་ཐབས།

Wikipedia ལས།

༄༅། །བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་བཞུགས་སོ།།


༄༅། །སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང་། །ཆོས་ལོངས་སྤྲུལ་པའི་སྐུར་བཞེངས་གྲགས་པའི་གཞི། །པདྨ་དཀར་པོ་བསྟན་པའི་ཉི་མ་དང་། །ངག་དབང་རྣམ་རྒྱལ་ལ་སོགས་བླ་མ་ཡི། །ཞབས་ཟུང་བྱང་ཆུབ་སྙིང་པོ་དེ་ཚུན་དུ། །བདག་གི་སྤྱི་བོའི་ནོར་བུ་ཉིད་གྱུར་ཅིག །ལན་གསུམ། བདག་ནི་མགོན་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱེད་ལ་སྐྱབས། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེའི་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་པ་དང་། །ཁྱེད་ཀྱི་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱིའོ། །ཞེས་པ་སེམས་བསྐྱེད། ཨོཾ་སྭཱ་བྷ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསཱ་བྷཱ་ཝ་བི་ཤུདྡྷོཉཧཾ། ཡེ་དག་ཡེ་རྫོགས་ཆེན་པོའི་ཀློང་། དྲན་རིག་ཡེ་ཤེས་ཀྱི་ཆ། རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ། བསྐལ་པའི་མེའི་བོངས་དང་མདངས་དང་གཟི་བརྗིད་འཛིན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགསཔ། ། མིད་པ་སྟོང་གསུམ་ཙམ་བརྐྱངས་པའི་ཡ་རྐན་ལ་ཉི་མ་ཀཱ་ལིས་མཚན་པ། མ་ཁལ་ལ་ཟླ་བ་ཨཱ་ལིས་མཚན་པ། ལྗགས་ཀྱི་རྩེ་རྟ་གདོང་གི་མེ་ལྕེ་ལྟ་བུར་བསྐྱོད་པའི་རྩ་བར་ཧཱུྃ་ལ། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཞེས་པའི་ཡིག་འབྲུ་དམར་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གྲགས་བཞིན་པས་བསྐོར་བ། དམར་བའི་སྤྱན་གསུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་བསྣམས་པས་གདུག་པ་ཅན་ཐམས་ཅད་གཟིར་བ། དཔལ་གྱི་ཆས་ཀྱིས་ལེགས་པར་བརྒྱན་པ། སྐུ་སྨད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་བུ་དབལ་གསུམ་རྩེ་མོ་གཅིག་ཏུ་རྣོ་བ། ནང་ཁོང་སེང་ཅན། དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་གསེར་མདོག་ཅན་གཡས་རལ་གྲི་འཕྱར་བ། མགྲིན་པར་རྟ་མགྲིན་དམར་པོ་གཡས་དབྱུག་ཐོ་འཕྱར་བ། བྲང་དབུས་ཀྱི་ཐད་ཀྱི་ནང་དུ་དྲེགས་པ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་འཕྱརབ། གསང་གནས་སུ་ཁྲོ་བོ་ཡཀྵ་མེ་སྦལ་སྨུག་ནག་གཡས་ཐོ་བ་འཕྱར་བ། དེ་ཐམས་ཅད་གཡོན་ཐུགས་ཀར་སྡིག་མཛུབ། ཤིན་ཏུ་ཁྲོ་ལ་དཔལ་གྱི་ཆས་ཀྱིས་བརྒྱན་ཅིང་། གཡོན་བརྐྱང་གིས་གནས་པ། ལྟེ་བར་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐུགས་ཀར་ཐོད་ཁྲག་འཛིན་པ། གཅེར་མོ་ཆགས་པ་རྒྱས་པ་ཕྱག་རྒྱུ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། ཐོད་ཀྱི་མགོ་བོ་རྣམས་ཀྱི་དབུས་མ་ལ་བུདྡྷ་ཐོད་འཕྲེང་རྩལ། གཡས་སུ་རྡོ་རྗེ་ཐོད་འཕྲེང་རྩལ་དང་རཏྣ་ཐོད་འཕྲེང་རྩལ། གཡོན་དུ་པདྨ་ཐོད་འཕྲེང་རྩལ་དང་ཀརྨ་ཐོད་འཕྲེང་རྩལ། དཀར་སྔོ་སེར་དམར་ལྗང་བ། ཐམས་ཅད་ཞི་མ་ཁྲོ་ཟ་འོག་སྨུག་པོའི་བེར་ལྷུབ་གྱོན་དུ་མཛད་ཅིང་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དབུ་ལ་ཤ་བའི་སྙན་ཞུ་རྒོད་ཀྱི་རྩེ་ཁྲུ་དར་གྱི་ཅོད་པན་འཕུར་བ་གསོལ་ཞིང་། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཐོད་ཁྲག་དཀུར་བརྟེན་པས་རང་རིགས་ཀྱི་ཡུམ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ་ལ་འཁྱུད་དེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བ། མཚོགས་མར་སྤྲུལ་པའི་ཁྱུང་མཐིང་ནག་གདུག་པ་ཅན་གྱི་ཀླུ་ཟས་སུ་ཟ་བ། སྤྱི་བོའི་བུ་གར་གཙུག་ཏོར་འཁོར་ལོས་སྒྱུར་བ། མིག་སྣ་རྣ་བ་ཁ་ལྟེ་བ་བརྒྱད་དུ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བགེགས་མཐར་བྱེད། དབྱུག་སྔོན་ཅན། མི་གཡོ་བ། འདོད་རྒྱལ། སྟོབས་པོ་ཆེ། ཕུར་པའི་དབལ་གྱི་ནང་རྩེར་གནོད་མཛེས། ཐམས་ཅད་ཁྲོ་བོའི་ཆས་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡོན་བརྐྱང་ཐམས་ཅད་མཐིང་ཁ། ཙིཏྟ་རིན་པོ་ཆེའི་གུར་ཁྱིམ་དུ་ཟླ་བ་ལ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཇའ་འོད་སྣ་ལྔའི་དབུས་ན་གནས་པ། དེའི་གནས་སོ་སོའི་ལྷ་ལས་འོད་འཕྲོས། རྔ་ཡབ་གླིང་གི་པདྨ་འོད་ཀྱི་གཞལ་མེད་ཁང་སོགས་ཕྱོགས་བཅུའི་འཇིག་རྟེན་ན། སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀོན་མཆོག་གསུམ་དུ་རྣམ་པར་རོལ་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཞེས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ཏེ། ཧཱུྃ༔ འདི་ནས་ཉི་མ་ལྷོ་ནུབ་ཕྱོགས་ཤེད་ན། །ཨུ་རྒྱན་སྤྲུལ་སྐུའི་ཞིང་ཁམས་རྔ་ཡབ་གླིང་། །རཱཀྵ་མི་ཟན་རྣམས་ཀྱི་རྒྱལ་པོའི་ཁབ། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དང་། །ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མི་ཟད་པའི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ། །གསང་བའི་མཚན་གསོལ་གུ་རུ་དྲག་པོ་རྩལ། །མ་རུང་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །རྣལ་འབྱོར་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །དད་ལྡན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། ཞེས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོ་སྐུ་ཞི་ཁྲོའི་སངས་རྒྱས་ཐམས་ཅད་དུ་སྣང་བ། གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་དུ་གྲགས་པའི་ཡིག་འབྲུ། ཐུགས་ཏིང་ངེ་འཛིན་ཕྱག་རྒྱ་ཐམས་ཅད་དུ་འཆར་བ། སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་ས་རླངས་ཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས། བདག་གི་ལུས་ལྷར་གསལ་བ་དང་། ངག་སྔགས་སུ་གསལ་བ་དང་། ཡིད་ཕྱག་རྒྱར་གསལ་བ་ལ་རིམ་རིམ་ཐིམ་པར་གྱུར། ཅེས་བརྗོད། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱ། ཙིཏྟ་སིདྡྷི་ཧཱུཾ། ཞེས་་འཛབ་ཉེར་གཅིག་གམ་བདུན་ཅིས་ཀྱང་བཟླའོ། །དེ་ནས་དབང་སྒྲུབ་ལྷ་ལྔ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། ཀྱེེ༑ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྗེ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ། །འགྲོ་མགོན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་འཕྲེང་རྩལ། །འོད་གསལ༴ །སྐྱེ་འཆི་ཟླ༴ །མཉམ་པ་མེད་པའི་བུདྡྷ་ཧེ་རུ་ཀ། །འགྲོ་མགོན༴ །གསོལ་བ༴། ཐུགས་རྗེས༴ །བདག་ལ༴ །གསུང་མཆོག་འགག་མེད་པདྨ་ཐོད་འཕྲེང་རྩལ། །འོད་གསལ༴ །སྐྱེ་འཆི༴ །མཉམ་པ་མེད་པའི་པདྨ་ཧེ་རུ་ཀ། །འགྲོ་མགོན༴ །གསོལ་བ༴། ཐུགས་རྗེས༴ །བདག་ལ༴། ཐུགས་མཆོག་དྲི་མེད་བཛྲ་ཐོད་འཕྲེང་རྩལ། །འོད་གསལ༴། སྐྱེ་འཆི༴། མཉམ་པ་མེད་པའི་བཛྲ་ཧེ་རུ་ཀ །འགྲོ་མགོན༴ །གསོལ་བ༴། ཐུགས་རྗེས༴ །བདག་ལ༴ །ཡོན་ཏན་ཀུན་རྫོགས་རཏྣ་ཐོད་འཕྲེང་རྩལ། །འོད་གསལ༴། སྐྱེ་འཆི །མཉམ་པ་མེད་པའི་རིན་ཆེན་ཧེ་རུ་ཀ། །འགྲོ་མགོན༴། གསོལ་བ༴། ཐུགས་རྗེས༴ །བདག་ལ༴ །འཕྲིན་ལས་ཐོགས་མེད་ཀརྨ་ཐོད་འཕྲེང་རྩལ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཀརྨ་ཧེ་རུ་ཀ །འགྲོ་མགོན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དབང་སྒྲུབ་ཀྱི་ལྷ་ཚོགས་སྙོམས་པར་ཞུགས་པས། བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་དཔག་ཏུ་མེད་པ་བབས། བདག་གི་སྤྱི་བོར་བྱེ་མ་ལ་ཆུ་བཏབ་པ་ལྟ་བུར་ཞུགས། སྤྱི་བོ་གང་༴། ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། མགྲིན་པ་གང་༴། ངག་གི་དྲི་མ་དག༴ །གསང་དབང་ཐོབ༴། སྙིང་ག་གང་། ཡིད་ཀྱི་དྲི་མ་དག། དབང་གསུམ་པ་ཐོབ། ལྟེ་བ་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །དབང་བཞི་པ་ཐོབ། ལུས་ཐམས་ཅད་གང་བའི་རྒྱུན་སྤྱི་བོར་ལུད་པས། རལ་པ་གྱེན་དུ་བརྗེས་པའི་དབུས་སུ་སྣང་བ་མཐའ་ཡས་སྤྲུལ་པ་སྐུའི་ཆ་ལུགས་ཅན་དུ་གྱུར་པར་བསམ། བསྐྱེད་རིམ་ཇི་སྲིད་མ་སྐྱོའི་བར་དུ་བསྒོམ། སྐྱོ་ན། ཨོ་ཨཱ༔ཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། །ཞེས་བརྒྱ་དང་ཁྲི་འབུམ་སོགས་བཟླས་ནས། རིག་སྔགས་སྟོང་བསྒྱུར་བརྗོད། ཀྱེེ༑ ལྷ་རྫས་མེ་ཏོག་ཀུན་གྱིས་ནམ་མཁའ་བཀབ། །དྲི་ཞིམ་བདུག་སྤོས་བསྲེགས་པས་ས་གཞི་བཀང་། །སྣང་གསལ་འོད་ཟེར་ཕྱོགས་བཅུའི་མཐར་འབྲེལ་བ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པ་འབུལ། །སིམ་སྐྱེད་བདུད་རྩི་བྱུགས་པའི་ཆུ་འཛིན་གཡོས། །བདའ་དགུའི་ཞལ་ཟས་ཐམས་ཅད་ཆར་དུ་བབ། །སྙན་པའི་འབྲུག་སྒྲ་འུར་འུར་སྒྲོག་པ་རྣམས། །རིག་འཛིན༴ །མཛེས་མ་བྲོ་བརྡུང་སྙན་པའི་གླུ་བླངས་མཐར། །དྲི་ཞིམ་ངད་འགྱེད་མ་མཆུའི་སྦྲང་སྦྱིན་ནས། །རེག་མཐར་བདེ་བ་བྷ་གས་སྟོན་པ་རྣམས། །རིག་འཛིན༴། །མྱོས་བྱེད་དཔའ་བོའི་དམ་རྫས་ཕུད་ཆེན་འཐོར། སྣང་སྲིད་མ་མོའི་མཆོད་རྫས་རཀྟ་སྦྲེང་། །ཐུན་མོང་མཉེས་པའི་བཱ་ལིང་ཆེར་བཤམས་པ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པ་འབུལ། །བསྟོད་པ་ནི། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་འཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ལུས་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །གསང་བ་འདུས་པའི་སྔགས་རྒོད་དམོད་པའི་མཚོན། །མ་རུངས་གདུག་པ་འདུལ་བའི་འཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ངག་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །སོར་རྟོག་ཡེ་ཤེས་རྫོགས་པ་ཆེན་པོའི་ཀློང་། །མ་རུང་གདུག་པ་གདུལ་བའི་འཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ཡིད་ལ་བྱིན་གྱིས་རློབས། །ཨོ་བཛྲ་སཏཱ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། །མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། །དགེ་བ་དེ་ཡིས་མྱུར་དུ་བདག །རིག་འཛིན་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །འདི་ཡི་ས་ལ་འགོད་པར་ཤོག། །།