བསམ་པ་མྱུར་འགྲུབ་མ།

Wikipedia ལས།

༄༅། །བསམ་པ་མྱུར་འགྲུབ་མ་བཞུགས་སོ།།

༄༅། །ཨེ་མ་ཧོ༔ མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིང་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་ཆད་དམག་འཁྲུག་མུ་གེའི་ཚོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨུ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་སོགས། །ཚེ་ཡི་ཕ་མཐར་ཐུག་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་ན་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨུ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཨུ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ།།