ཆ་གསུམ་གཏོར་མ།

Wikipedia ལས།

༄༅། །ཆ་གསུམ་གཏོར་མ་ནི།

༈ ཧཱུྃ༑ ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་བདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་འདོགས་སླད་དུ་འདིར་སྤྱོན་ཅིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུགས་ལྷས་དང་ནི་ནགས་ཚལ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །བསོད་རྣམས་ཁྱིམ་དང་གླང་པོའི་ཁང་རྣམས་དང་།། གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་། །སྲང་དང་ཁྱམས་དང་གྲོང་གི་མདུན་ས་དང་། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེ་གནས་དང་། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །གང་དག་འཇིགས་རུང་དགོན་པ་ཆེ་གནས་དང་། །ཆུ་གླིང་མཆོག་དག་ཏུ་ནི་གནས་བྱས་དང་། །གང་དག་འབྲོག་དགོན་དུར་ཁྲོད་དག་ན་གནས། །དགའ་ཞིང་མགུ་ནས་དྲི་མ་མེ་ཏོག་འཕྲེང་། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་བསྣོམས་ཏེ་སོ་སོར་བཞེས་ནས་ཀྱང་། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད།། ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་།།དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་མ་ལུས་ས་ཡི་ཀླུ་བདག་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་འདི་བཞེས་ལ། །རང་རང་གི་ནི་ཕྱོགས་སུ་བཞུགས་ནས་ཀྱང་། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་དག །དཔུང་དང་སྡེར་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ཞལ་ཟས་ནི། །འདི་དག་བཞེས་ཤིང་སོ་སོར་བསྣམས་ནས་ཀྱང་། །བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད། ཧཱུཾ༑ གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དག་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆན་འབྲས་བུ་མང་པོ་དང་། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །

"https://dz.wikipedia.org/w/index.php?title=ཆ་གསུམ་གཏོར་མ།&oldid=30051" ལས་ སླར་འདྲེན་འབད་ཡོདཔ།