(Go: >> BACK << -|- >> HOME <<)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས། Ι Royal Civil Service Commission

ལྷན་ཚོགས་སྐོར།

ཞུན་དག།
 
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༢༥ པ་ནང་བཀོད་ཡོདཔ་ཨིན། ལྷན་ཚོགས་འདི་གི་མིང་ལུ་ ཞི་གཡོག་ལྷན་ཚོགས་ཟེར་སླབ་དགོ་མི་འདི་ ཞི་བའི་ལས་ཁུངས་ནང་ ལས་གཡོགཔ་བཙུགས་བཏོན་དང་གཡོག་རྐྱབ་མི་ཚུ་གི་སྡེ་ཚན་གོ་རིམ་དང་ སྦྱོང་བརྡར་ལ་སོགས་པའི་ཐོབ་ལམ་ཚུ་ ལྟ་རྟོག་འབད་མི་ལས་ཁུངས་ཅིག་ལུ་སླབ་ཨིན། ཞི་གཡོག་ལྷན་ཚོགས་འདི་ རང་སྐྱོང་འདུས་ཚོགས་ཅིག་ཨིན། ལྷན་ཚོགས་འདི་ འབྲུག་རྒྱལ་ཁབ་ཀྱི་འཇོན་ཐངས་ཅན་གྱི་འགོ་ཁྲིདཔ་གི་འབྱུང་གནས་ གཙོ་བོ་ཅིག་ཨིནམ་ལས་ ལྷན་ཚོགས་ཀྱི་འབྱུང་རིམ་དང་སྒྲིག་བཀོད། ལྷན་ཚོགས་ཀྱི་ཕུགས་འཆར་དམིགས་གཏད་དང་འཐུས་མི། ལྷན་ཚོགས་ཀྱི་ལཱ་འགན་ཚུའི་སྐོར་ལས་ཁ་གསལ་ གཤམ་ལུ་འཁོད་དེ་ཡོད།

ཞི་གཡོག་ལྷན་ཚོགས་འདི་ འབྲུག་རྒྱལ་པོའི་ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ ལྷན་ཚོགས་ཅིག་ཨིན། དེ་ཡང་། ༡༩༧༣: གསར་བཟོ་ལྷན་ཁག་གི་འོག་ལུ་ མི་སྟོབས་སྡེ་ཚན་གཞི་བཙུགས་མཛད་ནུག།

བཀའ་ཁྲིམས་དང་ཆ་འཇོག།

ཞུན་དག།

༡༩༨༢: འབྲུག་རྒྱལ་པོའི་བཀའ་ཁྲིམས་༡༩༨༢ ཅན་མ་ལྟར་དུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཞི་བཙུགས་མཛད་གནང་ནུག།

༡༩༨༣: མཐོ་རིམ་ཤེས་ཚད་ལྡན་པའི་སློབ་ཕྲུག་ཚུ་གིས་ ཞི་གཡོག་ཆོས་རྒྱུགས་རྐྱབ་དགོ་པའི་སྲོལ་འགོ་བཙུགས་ཅི།

༡༩༨༩: གཡོག་སྡེ་དབྱེ་རིམ་ལམ་ལུགས་འགོ་བཙུགས་ཅི། ལས་སྡེ་འདི་གིས་ ཞི་གཡོགཔ་དབྱེ་ཁག་བརྒྱད་ལུ་ཕྱེ་སྟེ་ གོ་གནས་ཀྱི་སྡེ་རིམ་༡༧ བཟོ་གནང་ཡི།

༡༩༨༩: སློབ་སྟོན་དང་སློབ་སྟོན་མ་ཡིན་པའི་སྡེ་རིམ་གྱི་ཆོས་རྒྱུགས་ དབྱེ་ཁག་སོ་སོ་བཟོ་གནང་ནུག།

༡༩༩༠: རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཡིག་དང་སྒྲིག་གཞི་ འགོ་དང་པ་གསར་བཀྲམ་མཛད་གནང་ནུག། དེ་ཡང་ ལས་བྱེདཔ་ཤོ་མཚུངས་ཀྱི་སྒོ་ལས་ ངེས་བརྟན་བཟོ་ཐབས་ལུ་ཨིན།

༡༩༩༦: དམིགས་བསལ་ སློབ་སྟོན་དང་དངུལ་འབྲེལ་སྡེ་རིམ་ དེ་ལས་ བདག་སྐྱོང་སྡེ་རིམ་གྱི་ཆོས་རྒྱུགས་དབྱེ་ཁག་གསུམ་བཟོ་གནང་ནུག།

༢༠༠༢: རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཡིག་དང་སྒྲིག་གཞི་ པར་ཐེངས་གཉིས་པ་བཀྲམ་སྤེལ་མཛད་གནང་ཡི།

༢༠༠༥: སྤྱི་མཐུན་གྱི་ཆོས་རྒྱུགས་ག་ར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ནང་ན་བསྡུ་སྟེ་ ཞི་གཡོག་ལྷན་ཚོགས་སྤྱི་མཐུན་གྱི་ཆོས་རྒྱུགས་ཟེར་མཚན་གསོལ་མཛད་དེ་ མཐར་འཁྱོལ་གྱི་སྐུགས་ཚད་བརྒྱ་ཆ་ ༥༠ འཐོབ་དགོཔ་བཟོ་གནང་ནུག།

༢༠༠༦: གོ་གནས་དབྱེ་རིམ་གྱི་སྲིད་བྱུས་ཆ་འཇོག་མཛད་དེ་ གཡོག་སྡེ་དབྱེ་རིམ་ལམ་ལུགས་འདི་ཆ་མེད་བཏང་ཡི།

༢༠༠༦: འཕྲུལ་རིག་གི་ཤེས་ཚད་ལྡན་མི་ཚུ་ལུ་ཡང་ ཞི་གཡོག་ལྷན་ཚོགས་སྤྱི་མཐུན་གྱི་ཆོས་རྒྱུགས་རྐྱབ་ཆོག་པའི་ གོ་སྐབས་བཟོ་གནང་ཡི།

༢༠༠༦: རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཡིག་དང་སྒྲིག་གཞི་ པར་ཐེངས་གསུམ་པ་བཀྲམ་སྤེལ་མཛད་གནང་ཡི།

༢༠༠༨: ལྟ་རྟོག་དང་རྒྱབ་སྐྱོར་ གནས་རིམ་ལག་ལེན་གྱི་དབྱེ་ཁག་དང་ གོ་གནས་ཡར་སེང་གི་གནས་རིམ་གཉིས་པ་ཚུ་ དབང་ཚད་ཕྱིར་སྤེལ་མཛད་གནང་ནུག།

༢༠༠༨: དམིགས་བསལ་ རྫོང་ཁའི་ཤེས་ཚད་ལྡན་མི་ཚུ་ལུ་ ཞི་གཡོག་ལྷན་ཚོགས་སྤྱི་མཐུན་གྱི་ཆོས་རྒྱུགས་རྐྱབ་ཆོག་པའི་ གོ་སྐབས་བཟོ་གནང་ཡི།

༢༠༠༨: སྤྱི་ཚེས་ ༡༨/༠༧/༢༠༠༨ ལུ་ དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་འདི་ཆ་འཇོག་མཛད་གནང་ནུག། དེ་ནང་ ཞི་གཡོག་ལྷན་ཚོགས་ཀྱིས་ མི་དམངས་ལུ་ཕན་པའི་ཞབས་ཏོག་ཕུལ་ནི་དང་ དྭངས་གསལ་ཆེ་བའི་འགན་འཁྲི་དང་ རང་བཞིན་གྱིས་ཕོག་པའི་འགན་ཁུར་ཚུ་ འབག་དགོཔ་ཨིན་པས།

༢༠༠༩: རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཏན་འཇགས་ཀྱི་ལྷན་ཚོགས་འཐུས་མི་ལྔ་བསྐོ་བཞག་གནང་ཡི།

༢༠༡༠: རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བཅའ་ཡིག་དང་སྒྲིག་གཞི་ པར་ཐེངས་བཞི་པ་བཀྲམ་སྤེལ་མཛད་གནང་ཡི།

༢༠༡༠: ཞི་གཡོག་ལྷན་ཚོགས་སྤྱི་མཐུན་ཆོས་རྒྱུགས་འདི་ ལོག་སྟེ་ར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཆོས་རྒྱུགས་ཟེར་བསྐྱར་འཛུགས་མཛད་གནང་ཡི། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་རྐྱབ་ཆོག་པའི་གན་ལན་ལུ་ སྔོན་འགྲོ་ཆོས་རྒྱུགས་རྐྱབ་སྟེ་ མཐར་འཁྱོལ་དགོ་པའི་ངེས་བརྟན་བཟོ་གནང་ཡི། དེ་མ་ཚད་ ཞི་གཡོག་ཆོས་རྒྱུགས་ཀྱི་དབྱེ་ཁག་ལྔ་ བཟོ་གནང་ཡི།

༢༠༡༡:  སྤྱི་ཚེས་ ༢༠/༠༥/༢༠༡༡ ལུ་ སྤྱི་ཚོགས་ཀྱིས་ འབྲུག་གི་ཞི་གཡོགཔ་གི་བྱ་བའི་གནད་སྤྱོད་ཀྱི་བཅའ་ཁྲིམས་ གཏན་འབེབས་བཟོ་གནང་ཡི།

༢༠༡༢: ཡོངས་འབྲེལ་ཐོག་གི་ཞི་གཡོགཔ་གནས་ཚུལ་ལམ་ལུགས་འདི་ ཆ་འཇོག་མཛད་གནང་ཡི།

༢༠༡༢: ཞི་གཡོག་ལྷན་ཚོགས་ཀྱི་དྲུང་ཆེན་ཡིག་ཚང་གི་མདོ་ཆེན་གསར་བསྐོས་མཛད་གནང་ཡི།

ཞི་གཡོག་ལྷན་ཚོགས་ཀྱི་སྒྲིག་བཀོད།

ཞུན་དག།
 
ཞི་གཡོག་ལྷན་ཚོགས་ཀྱི་སྒྲིག་བཀོད།

ལྷན་ཚོགས་འདི་ནང་ འབྲུག་རྒྱལ་པོའི་བསྐོ་བཞག་གནང་བའི་ ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་དང་ འཐུས་མི་བཞི་གི་གཙོས་པའི་ མདོ་ཆེན་གྱི་མངའ་འོག་ལུ་ ཞི་གཡོག་ལྷན་ཚོགས་ཀྱི་ཕྱག་ལཱ་གནང་མི། མི་སྟོབས་ཐོན་སྐྱེད་དང་རྩིས་ཞིབ་སྡེ་ཚན། འགོ་དཔོན་དང་རིག་སྟོབས་སྡེ་ཚན། གནས་ཚུལ་ཁྱབ་སྤེལ་འཛིན་སྐྱོང་སྡེ་ཚན། མི་སྟོབས་ཐོན་སྐྱེད་འཛིན་སྐྱོང་སྡེ་ཚན་དང་ མི་སྟོབས་ཐོན་སྐྱེད་གོང་འཕེལ་སྡེ་ཚན་ཚུ་དང་མཉམ་འབྲེལ་འབད་དེ་ ཅི་ཤེས་གང་ལྕོགས་ཀྱི་ ཕྱག་དང་ཞབས་ཏོག་ཚུ་ཕུལཝ་ཨིན་མས། དེ་མ་ཚད་ ཁྲིམས་འབྲེལ་ཞབས་ཏོག་དང་ སྲིད་བྱུས་དང་འབྲེལ་བའི་འཆར་གཞི། མི་སྟོབས་འགོ་འདྲེན་གྱི་ཞབས་ཏོག་དང་ བདག་སྐྱོང་དང་དངུལ་འབྲེལ་སྡེ་ཚན་གྱིས་ཞབས་ཏོག་ཚུ་ཡང་ ཕུལཝ་ཨིན། གཞན་ཡང་ ལས་སྡེ་ཁག་གི་ཞབས་ཏོག་དང་ ལྷན་ཁག་དང་རྫོང་ཁག་ཡིག་ཚང་ཚུའི་ཞབས་ཏོག་སྣ་ཚོགས་ཕུལཝ་ཨིན། (རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཡོངས་འབྲེལ་ཁ་བྱང་། rcsc.gov.bt)

ཞི་གཡོག་ལྷན་ཚོགས་འདི་ མ་འོངས་འགོ་ཁྲིདཔ་གི་ས་བོན་དང་འདྲ། དེ་ཡང་ ལྷན་ཚོགས་འདི་གིས་ཕུགས་འཆར་གཙོ་བོ་ར་ ལོ་བསྟར་བཞིན་དུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ མང་པའི་སྦུག་ལས་བཙག། ཉུང་པའི་སྦུག་ལས་གདམ་སྟེ་ ལྕོགས་གྲུབ་ཅན་གྱི་ འཇོན་ཚད་དང་ དྭངས་གསལ་ འགན་འཁྲི་ལྡན་པའི་ རྣམ་གཞག་གི་སྒོ་ལས་ སྤྱི་འགན་སྒྲུབ་མི་རང་དབང་ཅན་དང་ སྲིད་དོན་འབྲེལ་མེད་ཞི་གཡོགཔ་ཅིག་ ཡར་སྤེལ་དང་ངེས་གཏན་བཟོ་ནི་ལུ་གཙོ་བོར་བཏོན་ཏེ་ ཤ་ཞེན་ཅན་གྱི་མ་འོངས་པའི་འགོ་ཁྲིདཔ་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ འབྲུག་གཞུང་རྩ་བ་གསུམ་ལུ་ ཕྱག་དང་ཞབས་ཏོག་ཞུ་ཚུགསཔ་བཟོ་ནི་ལུ་དམིགས་གཏད་བསྐྱེད་དེ་ ཕྱག་ལཱ་གནངམ་ཨིན། ལྷན་ཚོགས་འདི་ནང་ བློན་ཆེན་གྱི་གཙོས་པའི་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་རྣམས་ཀྱིས་ མགྲིན་གཅིག་གྱི་ཐོག་ལས་རྒྱབ་སྣོན་ངོ་སྦྱོར་གྱི་གྲོས་འདེབས་ འབྲུག་རྒྱལ་པོ་མཆོག་ལུ་ཕུལ་ཏེ་ བསྐོ་བཞག་གནང་བའི་ཁྲི་འཛིན་ཅིག་དང་ འཐུས་མི་བཞི་ཚུདཔ་ཨིན། ལྷན་ཚོགས་དེའི་ཁྲི་འཛིན་དང་འཐུས་མི་ཆ་ཁྱབ་ཀྱི་གནས་ཡུན་འདི་ ལོ་ངོ་ལྔ་ ཡང་ན་ ཁྲི་འཛིན་གྱི་སྐྱེ་ལོ་དྲུག་ཅུ་རེ་ལྔ་དང་ འཐུས་མི་ཚུ་གི་སྐྱེས་ལོ་དྲུག་ཅུ་ལོན་མི་གཉིས་ལས་ ག་ཧ་མི་དེ་ལུ་གནས་དགོཔ་ཨིན། (དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ། གནམ་ལོ་མེད། ༢༠༠༥ ཤོག་གྲངས་ ༤༩།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ གཞུང་གི་འཛིན་སྐྱོང་དང་ཚད་འཛིན་ལས་སྡེ་གཙོ་བོ་ཅིག་ཨིན། དེ་ཡང་ ཞི་གཡོགཔ་ཚད་འཛིན་དང་ལུགས་མཐུན་བཟོ་ནི། ལཱ་དང་གཡོག་གི་གནས་སྟངས་འཛིན་སྐྱོང་འབད་ནི། གོ་གནས་ཡར་སེང་དང་གཡོག་བཙུགས་ཀྱི་ལཱ་འགན་འབག་ནི་དང་ མི་དམངས་ཞབས་ཏོག་ཚུ་ལུ་བརྩི་མཐོང་བསྐྱེད་དེ་ སེམས་ཤུགས་སྐྱེད་བཅུག་དགོཔ་ཨིན། ཞི་གཡོགཔ་གསར་བཙུགས་ཀྱི་དོན་ལུ་ ལོ་བསྟར་བཞིན་དུ་ མཐོ་རིམ་ཤེས་ཚད་ལྡན་པའི་ན་གཞོན་སྟོང་ཕྲག་ལྷག་ཙམ་ཅིག་ལུ་ སྔོན་འགྲོའི་ཆོས་རྒྱུགས་ཚུ་འགོ་འདྲེན་འཐབ་ནི་དང་ མཐར་འཁྱོལ་མི་ཚུ་ལུ་ཞི་གཡོག་ཆོས་རྒྱུགས་ཕུལ་ནིའི་འགོ་འདྲེན་འཐབ་དགོཔ་ཨིན། དེ་དང་རིགས་བསྒྲེས་ཏེ་ འོས་ལྡན་གྱི་སྦྱོང་བརྡར་ཚུ་གནང་སྟེ་ འཇོན་ཐངས་ཅན་གྱི་ཞི་གཡོགཔ་བཟོ་དགོཔ་ཨིན། དེའི་རྟིང་མ་ རང་སོའི་ སྐུགས་ཚད་དང་འཁྲིལ་ཏེ་ འགན་འཁྲི་ཅན་གྱི་ལཱ་འགན་འབག་ནིའི་དོན་ལུ་ ལས་སྡེ་ཁག་སོ་སོར་ནང་ལུ་གཏང་དགོཔ་ཨིན། དེ་དང་འདྲཝ་སྦེ་ ལྷན་ཚོགས་དེ་གིས་ གཞུང་གི་སྲིད་བྱུས་དང་ལས་རིམ་ཚུ་ལག་ལེན་འཐབ་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་དང་ མི་སྡེའི་དྲང་ཁྲིམས་ཡར་སྤེལ་ལུ་གནས་ཚད་མཐོ་བའི་བཟང་སྤྱོད་དང་ གཅིག་སྒྲིལ་གྱི་ལམ་སྟོན་ཐོག་ལས་ ཞི་གཡོགཔ་ཚུ་གིས་ཁྱད་རིག་གི་ཞབས་ཏོག་ཞུ་ཚགསཔ་ངེས་གཏན་བཟོ་ནི་ལུ་ འབད་རྩོལ་བསྐྱེད་དགོ། གཞན་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་བཅའ་ཁྲིམས་དང་འཁྲིལ་ཏེ་ བྱ་སྒོ་འཐབ་དགོཔ་ཨིན།

མདོར་བསྡུ་བ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་འདི་ གལ་གནད་ཆེ་བའི་ལས་སྡེ་ཅིག་ཨིན། དེ་ཡང་ འབྲུག་གཞུང་རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ཕྱག་ལཱ་གནང་ཚུགས་མི་ ཤ་ཚ་ཅན་གྱི་མི་ངོམ་བཟོ་ནི་ལུ་དམིགས་གཏད་བསྐྱེད་དེ་ ཉིན་མཚན་མེད་པར་ ཞི་གཡོགཔ་ལུ་དྲང་བདེན་གྱི་སྒོ་ལས་སྐྱིད་སྡུག་གཟིགས། རྒྱབ་སྐྱོར་གང་དྲག་གནང་སྟེ་རྒྱལ་ཁབ་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་བའི་ ལྷན་ཚོགས་ཁག་ཆེ་ཤོས་ཅིག་ཨིན་ནོ༎

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག།

༡༽   དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ། (གནམ་ལོ་མེད། ༢༠༠༥)

༢༽   རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ། rcsc.gov.bt