(Go: >> BACK << -|- >> HOME <<)

འབྲུག་གི་རྒྱལ་ཡོངས་དུས་ཆེན།

སྤྱི་ལོ་ནམ་ཤར་གྱི་ཟླཝ་ ༡༢ པའི་ཚེས་ ༡༧ གྱི་ཉིན་མར་ འབྲུག་རྒྱལ་ཁབ་ནང་ རྒྱལ་བརྒྱུད་ཀྱི་གཞུང་དབུ་བརྙེས་པའི་དུས་ཆེན་ཕོགཔ་ལས་ ཉིནམ༌འདི༌ འབྲུག་གི་རྒྱལ་ཡོངས་དུས་ཆེན་སྦེ༌བརྩི༌སྲུང༌ཞུཝ༌ཨིན།

དེ་ཡང་ ང་བཅས་རའི་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི་ སྔོན་སྡེ་སྲིད་རིམ་བྱོན་གྱིས་ རྒྱལ་སྲིད་སྐྱོང་བཞག་འཐབ་སྟེ་གནངམ་ཨིན་རུང་ སྡེ་སྲིད་རེ་རེ་་བཞིན་དུ་གི་ ཕྱོགས་གཏོགས་པ་ཚུ་གིས་ སྡེ་སྲིད་གཅིག་ལས་གཅིག་གིས་དབང་ཚད་འཕྱོག་ནིའི་དོན་ལུ་ ནང་འཁྲུགས་རྒྱུན་ཆད་མེད་པར་བྱུངམ་འབྱུང་སར་སྡོདཔ་ལས་ དེ་ཚུ་ག་ར་ཨེབ་ཚུགས་མི་གི་རྒྱལ་ཁབ་ཀྱི་དཔའ་བོ་ཅིག་མེད་པར་ མི་སེར་འུ་སྡུག་ཉག་ཕྲ་བའི་སྐྱིད་སྡུག་ཕོག་སྡོདཔ་ད༌ རྒྱལ་ཁབ་དང་མི་མང་སྤྱི་མཐུན་གྱི་ བསོད༌ནམས༌བཙན༌པོའི་མཐུ་ཡོངས་སུ་སྨིན་པ་ལས་ སྤྱི་ལོ་ ༡༩༠༧ ཟླ་ ༡༢ ཚེས་ ༡༧ ཉིན་ དགེ་འདུན་གྲྭ་ཚང་གི་མཁན་སློབ་འདུས་ཚོགས་སྤྱི་དང་ གཞུང་ལྷན་རྒྱས་དང་ སྤྱི་བླ་ རྫོང་དཔོན་ཚུ་དང་ འབངས་མི་སེར་ག་ར་བློ༌སེམས༌གཅིག༌མཐུན༌དང༌ མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ལས་ ཀྲོང་གསར་དཔོན་སློབ༌ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ ལྷོ་མོན་ཁ་བཞི་ཡོངས་ལུ་དབང་བའི་རྒྱལཔོ་དང་པ་སྦེ་ གསེར་ཁྲིར་མངའ་གསོལ་ཞུ་ནུག།

དུས་དེ་ལས་བཟུང་སྟེ་ གོང་ས་ཨོ་རྒྱན་དབང་ཕྱུག་གི་སྲས་བརྒྱུད་རིམ་བྱོན་གྱིས་ རྒྱལ་པོ་མཛད་དགོ་པའི་བློས་བླངས་མི་འགྱུར་བའི་ རྒྱལ་སྲིད་ཀྱི་འགན་ཡིག་ཕུལ་བའི་ཉི་མ་ལས་ འབྲུག་རྒྱལ་ཁབ་འདི་ནང་ བརྒྱུད་འཛིན་གྱི་རྒྱལ་གཞུང་དབུ་བརྙེས་ཡོདཔ་ལས་ ཉིནམ་དེ་འབྲུག་གི་རྒྱལ་ཡོངས་དུས་ཆེན་སྦེ༌བརྩི་སྲོལ་བྱུང་ཡོདཔ་ཨིན།

ཀྲོང་གསར་དཔོན་སློབ་གོང་ས་ཨོ་རྒྱན་དབང་ཕྱུག་འདི་ ཡབ་འབྲུག་གི་སྡེ་སྲིད་ ༤༩ པ་ མི་རྗེ་འཇིགས་མེད་རྣམ་རྒྱལ་དང་ ཡུམ་གཏམ་ཞིང་ཆོས་རྗེ་ ཨ་ཞེ་པདྨ་ཆོས་སྐྱིད་ཀྱི་སྲས་ལུ་ སྤྱི་ལོ་ ༡༨༦༢ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ཀུ་ལས་ ཡབ་ཀྱི་ཕྱག་ཞུ་སྟེ་ དགྲ་བྱང་ཕྱད་བཏུལ་ནི་དང་ མི་སེར་གྱི་སྐྱོང་བཞག་འཐབ་ནི་ལ་སོགས་པའི་རྒྱལ་སྲིད་ཀྱི་ཕྱག་ལཱ་ལུ་ བརྩོན་ཤུགས་བསྐྱེད་གནངམ་ལས་ སྦྱངས་སྟོབས་ཕུལ་དུ་ཕྱིན་ཏེ་ དགུང་ལོ་ ༡༧ ལུ་ སྤ་རོ་དཔོན་སློབ་མཛད། དགུང་ལོ་ ༢༠ ལུ་ ཀྲོང་གསར་དཔོན་སློབ་མཛད་ཞིནམ་ལས་ ལོ་ངོ་ ༢༥ འི་རིང་ འབྲུག་གི་བསྟན་སྲིད་ལུ་ འགྲན་ཟླ་མེད་པའི་ཕྱག་ཤུལ་བཞག་གནངམ་ལས་ དགུང་ལོ་ ༤༥ བཞེསཔ་ད་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་དང་པའི་ཁྲི་ཁར་བྱོན་ནུག།

གོང་ས་ཨོ་རྒྱན་དབང་ཕྱུག་ རྒྱལ་ཐོག་དང་པོའི་གསེར་ཁྲིར་ཁྲི་མངའ་གསོལ་ཞུ་ཞིནམ་ལས་ཚུར་ རྒྱལ༌ཁབ༌ནང་ནད་མུག་འཁྲུག་རྩོད་མིང་ཙམ་ཡང་མེད་པར་བཟོ། ཕྱིའི་རྒྱལ་ཁབ་དང་མཐུན་ལམ་ཐོག་ལས་ རྒྱལ་ཁབ་ཀྱི་བསྟན་སྲིད་སྲ་བརྟན་བཟོ། སངས་རྒྱས་བསྟན་པའི་ཞབས་ཏོག་ཕུལ་དུ་ཕྱིན་པར་ཞུ། འབངས་མི་སེར་སྤྱན་གྱི་འབྲས་བུ་ལས་བརྩེ་བར་གཟིགས་ཏེ་ འབྲུག་རྒྱལ་ཁབ་ནང་དགའ་བའི་ཉིམ་ཤར་ སྐྱིད་པའི་ཟླཝ་ཚེས། ཕུན་སུམ་ཚོགས་པའི་སྐར་མ་ནམ་མཁའ་གང་སྟེ་ བདེ་སྐྱིད་ཕུན་སུམ་ཚོགས་པའི་འབྲུག་གི་བསྟན་པ་དར་ཞིང་རྒྱས་ཏེ་ཡོདཔ་ལས་བརྟེན་ ཉིནམ་འདི་ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་སྦེ་ངོས་འཛིན་ཞུས་ཏེ་ ལོ་བསྟར་རྟེན་འབྲེལ་གྱི་མཛད་སྒོ་སྦོམ་མའི་སྒོ་ལས་ བརྩི་སྲུང་ཞུཝ་ཨིན།

དུས་ཆེན་འདི་སྐབས་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་མི་སེར་ལུ་གཏོགས་ཚད་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་ལུ་ འབྲུག་རྒྱལ་ཁབ་འདི་ནང་ བརྒྱུད་འཛིན་རྒྱལ་པོའི་གཞུང་བཟང་འགོ་བཙུགས་གནང་བའི་ བཀྲིན་རྗེས་སུ་དྲན་པའི་དགའ་ཚོར་དྲིན་ཚོར་ཞུ་ནི་དང་། རྒྱལ་ཁབ་ཀྱི་མཐའ་དོན་ལུ་ རང་གི་བུ་རྒྱུད་ཚུ་གི་སྐབས་ལུ་ཡང་ དེ་བཟུམ་མའི་དགའ་སྐྱིད་གཉིས་ལྡན་གྱི༌བསྟན་པ་མི་ཉམས་གོང་ལས་གོང་དུ་འཕེལ་བའི་རྒྱལ་གླུ་དང་ རེ་སྨོན་ཞུ་ནི་དང་གཅིག་ཁར་ རྒྱལ་ཁབ་ཀྱི་གཞུང་བཟང་པོ་འདི་ལུ་ རྒྱབ་སྐྱོར་གྱི་བསམ་སྦྱོར་སྙིང་ཐག་པ་ལས་བསྐྱེད་པའི་ ཕྱག་ཕྱིད་ཞབས་ཏོག་ཞུ་ནི་ལུ་ ཁ་ཞེ་གཉིས་མེད་ཀྱི་ཐོག་ལས་ འབད་བརྩོན་བསྐྱེད་ནིའི་བསམ་པ་བསྐྱེད་དགོསཔ་འདི་ ག་ནི་ལས་གལ་ཆེཝ་ཨིན་ནོ།།