(Go: >> BACK << -|- >> HOME <<)

ཁ་འབར་མ་ནག་མོའི་འཆི་བསླུ།

༄༅། །དཔལ་ལྡན་ལྷ་མོ་ལ་བརྟེན་པའི་འཆི་བསླུ་བཞུགས་སོ།།

རྔོག་སྟོན་ཆོས་སྐུ་རྡོ་རྗེས་མཛད་པའི་དཔལ་ལྡན་ལྷ་མོ་ལ་བརྟེན་པའི་འཆི་བསླུའི་ཆོ་ག་ནི། རྒྱས་པར་འདོད་ན་ལྷ་མོའི་གཏོར་ཆོག་གཞུང་ལྟར་བཏང་ནས་གཉེར་གསོལ་མགོར་བསྐྱལ་ནས་བྱ། བསྡུས་ན། སྐྱབས་སེམས་སྤྱི་འགྲོ་ལྟར་བྱའོ། །གླུད་གཏོར་ཆང་བུ་རིལ་བུ་ཐེབས་སྐྱུ་ཤའི་རིགས་ཆང་བཅས་བརྒྱ་རྩ་བཤམས། དང་པོ་འགུགས་པ་བྱ་བ་ནི། ན་མོ། བླ་མའི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴། ཆོས་ཀྱི༴ དགེ་འདུན་གྱི༴ །ཡི་དམ་དཀྱིལ་འཁོར༴ །མ་གནས་གསུམ༴། དཔལ་མགོན་དམ་པ་ཆོས་སྐྱོང་བའི༴ །ཁྱད་པར་དཔལ་ཡེ་ཤེས་ཀྱི་ལྷ་མོ་དུད་པའི་སོལ་བ་མ་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི༴ །བདེན་པ་ཆེན་པོའི་བྱིན་རླབས་དང་། །རྣལ་འབྱོར་པ་བདག་ཅག་གི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །རིག་འཛིན་རིག་སྔགས་འཆང་བ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྤྲུལ་པའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཐམས་ཅད་དང་། །ལྷ་ཀླུ་མིའི་བསོད་ནམས་ཀྱི་དཔལ་ལས་བྱུང་བ་སྣང་སྲིད་འཇིག་རྟེན་ཁམས་ཀྱི་འདོད་རྒུའི་ལོངས་སྤྱོད་ཀྱི་བཅུད་ནུས་པ་ཐམས་ཅད་དང་། །ཁྱད་པར་བདག་ཅག་ཆོས་བཞིན་སྒྲུབ་པ་རྣམས་ལ་གནོད་ཅིང་འཚེ་བའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། །གཟུགས་མེད་གནོད་པར་བྱེད་པའི་བགེགས། སེམས་ཅན་ལས་ངན་ཆེན་པོ་བསགས་པ་སྡིག་ཅན་སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས་ཀྱི་ཚེ་དང་བསོད་ནམས། །དཔལ་དང་འབྱོར་པ་སྟོབས་དང་མངའ་ཐང་། ལས་དང་ཉོན་མོངས། རྣམ་ཤེས་སྲོག་དབུགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་བཤགས་པའི་དམ་ཚིག་གི་རྫས་ཀྱི་ཚོགས་གཏོར་འདི་རྣམས་ལ་ཐིམ་པས། དཔལ་ཡེ་ཤེས་ཀྱི་ལྷ་མོ་ཁྲག་འཐུང་དུད་སོལ་མ་འཁོར་དང་བཅས་པ་མཉེས་པའི་མཆོད་སྤྲིན་དུ་གྱུར། བཛྲ་ཨངྐུ་ཤ་ཛ་ཛ༔ ལན་གསུམ། རྫས་རྣམས་སྔགས་དྲུག་ཕྱག་རྒྱས་བྱིན་རླབས་སྤེལ། གཏོར་སྣོད་གཅིག་ལ། གླུད། གཏོར་ཅུང་། ཆང་བུ། རིལ་བུ། མཐེབ་ཀྱུ། ཤའི་རིགས། ནས། ཆང་བཅས་བླུགས་ལ། རྫས་ཀུན་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཧ་ཧོཧིཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱ༔ཧཱུྃ། ལན་གསུམ། ན་མ་སརྦ་ཏ་ཐཱ་ག་ཏ་སོགས་གཏོར་གླུད་གྲངས་དང་བསྟུན་བསགས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཧཱུྃ། འདོད་པའི་རྒྱལ་མོ་སྲིད་གསུམ་དབུལ་སེལ་མ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་དུད་སོལ་མ། །ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས། །འཆི་བདག་གཤིན་རྗེའི་འཇིགས་པ་བཟློག་སླད་དུ། །ཁ་འབར་རྒྱལ་མོར་སྐུ་སྤྲུལ་གཤེགས་སུ་གསོལ། །འདོད་ཡོན་ལྔ་ལྡན་གཏོར་མ་རྒྱ་ཆེན་དང་། །ཐེབ་ཀྱུ་རིལ་བུ་ཆང་བུ་གཟུགས་གླུད་སོགས། །ཤ་ཁྲག་དམར་གྱི་བརྒྱན་པའི་མཆོད་པ་འདི། །ཁ་འབར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །འཆི་བདག་གཤིན་རྗེའི་ཚོགས་ཀྱང་ཚིམ་གྱུར་ཅིག། །བཞེས་ནས་རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས། །ཚེ་ཟད་དུས་ལ་བབ་ནས་འཆིར་ཐུག་ཀྱང།།འཆི་བདག་གཤིན་རྗེའི་འཇིགས་པ་སླར་བཟློག་ཅིག །དཔལ་ལྡན་དུད་སོལ་ལྷ་མོ་འཁོར་བཅས་ཀྱི། །རྐང་འགྲོ་ཕྱུགས་ཀྱི་གོད་ཁ་མྱུར་ཞི་སྟེ། །སྔོན་གྱི་ལས་ཀྱི་འཕྲོ་བཟང་ཡོངས་འཐུད་ནས། །ལོ་བརྒྱའི་བར་དུ་བཤོལ་བར་མཛད་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་ཚོགས་མཛོད། །རྒྱན་གྱིས་རྒྱན་པར་བྱས་ལ་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དགདོན་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡང་བྲམ་ཟེ་འམ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལས་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བརྒྱ་སྟོང་ཁྲི་འབུམ་ཇི་ཙམ་འདོད་པ་གཏོང་། འབྱུང་བ་ལྔའི་སྔགས་ནི། ལཾ་ལཾ་ས་མ་ཡ་བཟློག །ཁཾ་ཁཾ་ས་མ་ཡ་བཟློག །རཾ་རཾ་ས་མ་ཡ་བཟློག །ཡཾ་ཡཾ་ས་མ་ཡ་བཟློག །མ་མ་སྔོ་ཏ་སྔོ་ཏ་ས་མ་ཡ་བཟློག །ཡཾ་རཾ་ཁཾ་ལཾ་འབྱུང་བ་བཞིའི་ གནོད་པ་ཐམས་ཅད་ཕྱིར་བཟློག་གོ །ཞེས་དང་། ཧཱུྃ༑ སྐྱེ་བ་མེད་ལས་འབྱུང་བའི་གླུད། །ཁྱེད་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་གྲོལ་དང་ཞི་བར་མཛོད། །ལོ་བརྒྱའི་བར་གྱི་འཆི་བ་བཟློག །ཅེས་པ་ལོ་གྲངས་སམ་གང་མང་བརྗོད། དེ་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་པས། ཧཱུྃ༑ དཀོན་མཆོག་རྒྱལ་བའི་དཀའ་ལ་ཉོན། །འབྱུང་བ་ལྔ་ལ་དབང་བསྒྱུར་བའི། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །ཚེ་སྲོག་བསླུ་བའི་གླུད་དུ་ལོངས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །ལན་ཆགས་བུ་ལོན་ཁྱེར་གྱུར་ཅིག །ལན་གསུམ། དེ་ནས་གླུད་བསྐོར་རྒྱབ། ད་ནི་གླུད་སྐོར་གཡས་སུ་བསྐོར། །གླུད་ཆེན་གཡས་སུ་བསྐོར་ཙ་ན། །སྣང་སྲིད་ལྷ་འདྲེ་གཡས་སུ་འཁོར། །བྲན་གཡོག་མང་པོའི་འཁོར་དང་བཅས། །དགྱེས་པའི་མདངས་དང་བཅས་ཏེ་འཁོར། །དཔའ་བོའི་དཔུང་དང་བཅས་ཏེ་འཁོར། །རྣོ་བའི་མཚོན་དང་བཅས་ཏེ་འཁོར། །སྐྱེས་པ་ཕོ་ཡི་སྐག་ཟློག་ཅིག །ད་ནི་གླུད་སྐོར་གཡོན་དུ་བསྐོར། །གླུད་ཆེན་གཡོན་དུ་བསྐོར་ཙ་ན། །མ་ཡམས་ནག་མོ་གཡོན་དུ་འཁོར། །བྲན་གཡོག་མང་པོའི་འཁོར་དང་བཅས། །འཛུམ་པའི་མདངས་དང་བཅས་ཏེ་འཁོར། །དཔའ་མོའི་དཔུང་དང་བཅས་ཏེ་འཁོར། །མཛེས་པའི་རྒྱན་དང་བཅས་ཏེ་འཁོར། །ཟ་མ་མོ་ཡི་སྐག་ཟློག་ཅིག། །གླུད་སྐོར་གཅིག་དང་གཉིས་དང་གསུམ། །ཞག་སྐོར་ཟླ་སྐོར་ལོ་སྐོར་གླུད། །ནད་དང་གདོན་ཀྱི་ཞེན་པ་ཕྱུང་། །གླུད་དང་འགྲོགས་ཏེ་ལམ་ལ་སོང་། །གླུད་ཀྱི་ལམ་བསྟན་ནི། ད་ནི་གླུད་ཀྱི་ལམ་བསྟན་ནོ། །རི་གསུམ་རྩེ་དང་ལུང་གསུམ་མདོ། །རྒྱ་གྲམ་ལམ་དང་བབས་ཆུའི་གཞུང་། །ཉི་ཟླའི་གྲིབ་སོ་གླུད་ཀྱི་ལམ། །འདྲེ་ལྔ་བདུད་གཅོད་གླུད་ཀྱི་ཕྱོགས། །ལམ་དེར་ཞུགས་ལ་ཕྱོགས་དེར་སོང་། །དེ་ནས་གཉེར་གསོལ་རྗེས་ཆོག་གཞུང་བཞིན། མ་འབྱོར་བ་དང་སོགས་ལྷག་ཆད་བསྐང་། བཟོད་གསོལ་ཅི་རིགས་བྱ། རང་གནས་སུ་གཤེགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། །འཆི་བསླུ་འདི་ཉིད་བླ་མ་རྔོག་པའི་སྲས་མོ་ཧ་ལོ་མ་སྐུ་བསྙུང་བའི་ཚེ། རྔོག་རིན་པོ་ཆེ་ལྷ་མོ་ལ་ཡུསཔས་ཚེར་བསྐུལ་བའི་ཚེ། ལྷ་མོས་འཆི་བསླུ་འདི་མྱུར་བར་བགྱིས་གསུངས། དེ་ལྟར་བགྱིས་པས་ལྕམ་འཆི་བ་ལས་གསོས། ཁྱོད་གང་འདྲ་བྱུང་སྨྲས་པས། མི་དམར་གཅིག་དང་ནག་པོ་གཅིག་གིས་ལྷོ་ཕྱོགས་ཚེར་མའི་ཐང་ཞིག་ཏུ་ཁྲིད་བྱུང་ནས། བུ་མོ་སྔོ་བསངས་ཞིག་སླེབས་བྱུང་བས་ང་བཏང་། ཁྱོད་ལམ་ནོར་ལོག་ཤོག་གསུངས་སྲས་འཁར་གྱི་ནང་དུ་བསྐྱལ་བ་རྨིས་པས་དྲན་གསོས་བྱུང་ཟེར་རོ། །ཕན་ཡོན་ཤིན་ཏུ་ཆེའོ། །