རང་འབྱུང་འོད་གསལ་ཆོས་གླིང་། Rangjung Yoedselchoeling

Wikipedia ལས།
རང་འབྱུང་འོད་གསལ་ཆོས་གླིང་།

ཆགས་རབས་ཀྱི་སྐོར།[ཞུན་དག།]

ང་བཅས་རའི་རྒྱལ་ཁབ་ནང་ རང་རྒྱུད་ལུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཞིང་མཆོག་དམ་པ་ རྒྱལ་བའི་གཙུག་ལག་ཁང་ བསམ་གྱིས་མ་ཁྱབ་པར་ཡོད། དེ་ཚུ་ལས་ག་ནི་བ་ཡོངས་གྲགས་ཅན་གྱི་ རང་འབྱུང་འོད་གསལ་ཆོས་གླིང་ ལྷ་ཁང་དང་འབྲེལ་བའི་ ཆགས་རབས་ཀྱི་སྐོར་གང་ཤེས་ཞུ་ནི་ཨིན།

ཆགས་ས།[ཞུན་དག།]

རྒྱལ་ས་ལྟེ་བ་ལས་ ཀི་ལོ་མི་ཀྲར་༤༨༤ གི་ས་གནས་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ཡ་རྒྱལ་ བཀྲིས་སྒང་རྫོང་ཁག་ལས་ཀི་ལོ་མི་ཀྲར༡༧.༥ དང་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་ མི་ཀྲར་༦༠༠ ལས་༤༥༠༠ གི་ས་ཁར་ ག་ནི་བ་མཐོང་གསལ་ཆེ་བའི་སྒང་ཏོག་གཅིག་གུ་ཆགས་ཏེ་ཡོད།

ལྕགས་རི།[ཞུན་དག།]

ལྷ་ཁང་དེ་ གདོང་ཁར་གྱི་ལྕགས་རི་ཕྱི་ལས་མཇལཝ་ད་ མཐའ་བསྐོར་ཏེ་ གཏན་ཀྱང་ཤིང་དང་མེ་ཏོག་ འབྲས་བུ་ དེ་ལས་ལོ་ཐོག་ཚུ་གིས་མཆོད་པ་འཕུལ་བ་དང་འདྲ་བའི་ དབུས་ཀྱི་སྒང་ཏོག་གུར་ སྦུག་ལུ་དབུ་རྩེ་གསེར་ཏོག་དང་བཅས་པ་དེ་ ཕྱོགས་བཞི་ལུ་ཡོད་པའི་གསེར་ཏོག་ཅན་གྱི་ཁྱིམ་ཏོག་ལས་མཐོ་སུ་དང་ གདོང་ཕྱོགས་སྐེ་དམར་གྱི་འོག་ལུ་ རབ་གསལ་དང་བཅསཔ་ ཐོག་གསུམ་གྱི་རྩིས་ཨིན་པས།

རང་འབྱུང་གི་ས་གནས་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་འགྱོ་དགོ་པའི་ས་གནས་ཁར་ དགའ་ལོང་དགོན་པ་ཟེར་ མཚམས་ཁང་ཆུང་ཀུ་གཅིག་ཡོད་མི་དེ་ དེ་ཁའི་དད་ཅན་གྱི་མི་ཚུ་གིས་ གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་ལུ་ཕུལ་ནུག། དེ་ཡང་རིན་པོ་ཆེ་མཆོག་གིས་དེ་ནང་བཞུགས་ཏེ་ དེ་ཁའི་མི་སེར་ཚུ་ལུ་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ སྐྱབས་ཡུལ་སྦེ་བཞུགས་ནི་གི་རེ་བ་བསྐྱེད་དེ་ཨིན་པས། ཨིན་རུང་རིན་པོ་ཆེ་མཆོག་ སྨན་བཅོས་ཀྱི་དོན་ལུ་ ཕྱི་རྒྱལ་ཨམ་རི་ཀ་ལུ་ བྱོན་དགོཔ་ལས་ ཁོང་གི་རེ་སྨོན་ལྟར་དུ་འགྲུབ་མ་ཚུགས་པས།

དགའ་རབ་རིན་པོ་ཆེ་མཆོག་ རྒྱ་གར་མའི་སོར་ལུ་ཕྱག་དཔེ་གཟིགས་བཞུགས་ཡོད་རུང་ ཡབ་ཀྱི་བཀའ་བཞིན་ དེ་ཁའི་མི་ཚུ་གི་ངོ་ཚབ་སྦེ་དག་པ་ཅིག་ དགའ་རབ་རིན་པོ་ཆེ་མཆོག་ཞུ་བར་སོང་སྟེ་ ས་གནས་དེ་ཁར་ཕེབས་གནང་མི་གིས་ ཁོང་གི་བསམ་དོན་ཚུ་ངམ་ངམ་ཤུགས་ཀྱིས་གྲུབ་པའི་ཁར་ ལྷ་ཁང་དེ་ཡང་དུས་དེ་ལས་ཚུར་ དགའ་རབ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་ གཟུགས་སུ་བསྒྲུབ་ནིའི་ལས་སྒོ་ བརྩམས་གནང་ནུག།

རིན་པོ་ཆེའི་སྐོར།[ཞུན་དག།]

དགའ་རབ་རིན་པོ་ཆེ་མཆོག་ ཕྱག་ཞུ་མི་ཚུ་དང་མཉམ་ དགའ་ལོང་དགོན་པར་བལྟ་སྟེ་བྱོན་པའི་ནམ་དུས་ལུ་ ད་ལྟོ་ལྷ་ཁང་ཡོད་པའི་ས་གནས་ནང་གཟིགས་ཏེ་ དགོན་པ་དེ་ཨ་ཕི་ས་གནས་ནང་སྤོ་ཚུགས་པ་ཅིན་ཟེར་གསུངས་ནུག། ས་ཞིང་དེ་ མེ་མེ་ཏུམ་ཅུ་ཟེར་མི་གི་ཨིནམ་དང་ མ་སྒྲིག་པའི་རྟེན་འབྲེལ་བསྒྲིགས་ཏེ་ དེ་བསྒང་སའི་ཇོ་བདག་དེ་ཡང་ སྡེ་ཚན་དེ་ནང་མཉམ་ཅིག་ཡོདཔ་ཨིན་པས། མེ་མེ་གིས་ཡང་བླ་མའི་ཐུགས་དགོངས་དང་ཆ་རོགས་ཚུ་གི་བསྐུལ་མ་བཞིན་ ས་ཆ་དེ་བླམ་ལུ་ཕུལ་མི་ལས་ཚུར་ རང་འབྱུང་འོད་གསལ་ཆོས་གླིང་ལྷ་ཁང་དེ་གི་ལོ་རྒྱུས་དེ་འགོ་བཙུགཔ་ཨིན་པས།

སྤྱི་ལོ་༡༩༨༩ ལོ་ལུ་ རྫོང་གསར་མཁྱེན་རྩེ་རིན་པོ་ཆེ་མཆོག་ཞུ་སྟེ་ ས་བླང་རྟེན་འབྲེལ་གནང་། དེ་བསྒང་ཚོགས་འབུམ་ཡང་གནང་ནུག། སྐྱབས་འཛིན་པ་མཆོག་གིས་ཆུམ་དོས་༡༠༠ དང་དངུལ་ཀྲམ་སྟང་ཕྲག་༢༠,༠༠༠/- སྟོང་ཕྲག་ཉི་ཤུཔོ་དེ་ གཞི་བཙུགས་མ་དངུལ་སྦེ་ཨིན་པས།

གཡུས་ཁའི་མི་ཚུ་གིས་ས་གནས་དེ་ འདྲེ་གདོན་འཚུབ་ཅན་གྱི་གནས་སྦེ་ ཡི་ཆེས་བསྐྱེད་དོ་ཡོདཔ་ཨིན་པས། དེ་གུར་ཆོས་ཟབ་སར་བདུད་ཟབ་ཟེར་དོ་བཟུམ་ ལཱ་འབད་མི་ཚུ་ཡང་ན་ནི་འགོ་བཙུགས་ནུག། ད་རུང་ས་གནས་དེ་ཁར་སྦུལ་གཅིག་ཡང་འཐོན་མི་འདི་གིས་ ས་གནས་དེ་སྨོན་ལམ་ལོག་པའི་གནས་ཅིག་ཨིན་པའི་ ཡི་ཆེས་ཀྱིས་ལྷ་ཁང་བཞེངས་ནི་ཡང་ སྦུག་ན་ལས་སྐབས་ཅིག་ བཀག་དགོཔ་ཡང་ཐོན་ནུག།

རིན་པོ་ཆེ་མཆོག་དང་ དགེ་སློང། ཨ་ཎེམོ། ས་གནས་ཀྱི་མི་སེར་ཚུ་གིས་ དཀའ་བ་ཁྱད་དུ་སད་ ངལ་བ་དང་དུ་བླངས་ཏེ་ བཞེངས་པའི་ཁར་ མ་དངུལ་གྱི་ཐད་རིན་པོ་ཆེ་མཆོག་གིས་ ཕྱི་རྒྱལ་ལུ་བྱོན་ཏེ་ བཀའ་ཆོས་ཚུ་གནང་། དད་ཅན་གྱི་སྦྱིན་བདག་ཚུ་ལས་ཕུལ་བའི་ཡོ་བྱད་ཚུ་གིས་སྦེ་ བཟོ་སྐྲུན་གྱི་ལཱ་དེ་ལོ་ངོ་བཅུ་ཐམ་དེ་ཅིག་གི་རིང་ འགོ་འདྲེན་འཐབ་པའི་མཐར་ ལེགས་བཤད་ལས། ཕ་བོང་འགུལ་བར་དཀའ་ན་ཡང་།། རིམ་གྱིས་རི་རྩེར་འབྱིན་པར་ནུས།། ཟེར་གསུངས་དོ་བཟུམ། རང་འབྱུང་འོད་གསལ་ཆོས་གླིང་ལྷ་ཁང་དེ་ ག་ནི་བ་གཟི་བརྗིད་དང་ལྡནམ་ གནམ་ལས་བབས་བབས་བཟུམ། ས་ལས་འཁྲུངས་འཁྲུངསཔ་བཟུམ། སྤྱིར་དད་མོས་ཅན་གྱི་སྐྱེ་འགྲོ་ག་ར་དང་ ལྷག་པར་རྫོང་ཁག་དེ་ཁའི་དད་ཅན་གྱི་མི་སེར་ཚུ་གི་ ཚེ་འདི་ཕྱིའི་སྐྱབས་གནས་ཀྱི་ཡུལ་ལུ་ རྟེན་དང་བརྟེན་པ་བཅས་ ལེགས་པར་བསྒྲུབས་གནང་ནུག།

ལྷ་ཁང་དེ་གཤིན་པོའི་དགེ་བ་དང་ གསོན་པོའི་རིམ་གྲོ་གནང་སྟེ་ མི་སྡེའི་ཞབས་ཏོག་བསྒྲུབ་ནི་རྐྱངམ་ཅིག་མེན་པར་ རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ མི་ཉམས་གོང་འཕེལ་གྱི་གཞི་མ། བཤད་དང་སྒྲུབ་པའི་སྡེ་ཡང་ཡོདཔ་ལས་ འཆད་རྩོད་རྩོམ་གསུམ་གྱི་དབྱར་རྔ་སྒྲོག་བཞིན་པར་ཡོདཔ་ཨིན། དེ་གི་མཐུས་དགའ་བདེའི་སྦྲང་ཆར་ཚུ་ དད་པའི་ཞིང་སར་ རྒྱུན་ཆད་མེད་པར་བབས་ཏེ་ཡོདཔ་ཨིན།

ལྷ་ཁང་དེ་ཤར་ཕྱོགས་བཀྲིས་སྒང་རྫོང་ཁག་ནང་ གནས་བསྐོརཔ་ཚུ་འོང་སའི་ས་གནས་གཙོ་བོ་ཅིག་ལུ་ གྱུར་ཏེ་ཡོདཔ་མ་ཚད། མི་སྡེའི་ཞབས་ཏོག་བསྒྲུབ་མི་ཆོས་སྡེ་ཅིག་ཡང་ཨིན་པས། ལྷག་པར་བདུད་འཇོམས་གཏེར་གསར་གྱི་ཆོས་བརྒྱུད་འཛིན་པའི་ གདན་ས་ཅིག་ཡང་དེ་ནང་འབདཝ་ལས་ རང་འབྱུང་འོད་གསལ་ཆོས་གླིང་ལྷ་ཁང་དེ་ སྤྱིར་གཏང་ལྷ་ཁང་ཚུ་ལས་ལྷག་པའི་ གལ་གནད་ཅན་ཅིག་ཨིན་པའི་ཡི་ཆེས་བསྐྱེད་དེ་ མཇལ་ནི་ལུ་རེ་འདོད་བསྐྱེད་དགོ་ཟེར་ཞུ་ནི་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡༽   Kencho Ngyenda, The Chosen One.