འབྲུག་གི་ལག་རྩལ་སྦྱོང་བརྡར། TVET

Wikipedia ལས།

འབྲུག་རྒྱལ་ཁབ་འདི་ ཆོས་དང་ལམ་སྲོལ་ཟུང་འབྲེལ་སྦེ་སྐྱོང་བའི་རྒྱལ་ཁབ་ཅིག་ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ རྒྱལ་ཁབ་ནང་ལུ་འཕྲུལ་རིག་གི་རིག་རྩལ་འདི་མེད་ཐབས་མེདཔ་ཅིག་ཨིན། དེ་འབདཝ་ལས་ འབྲུག་གཞུང་གིས་ ལག་རྩལ་སྦྱོང་བརྡར་ཟེར་བའི་ བློ་རིག་གསརཔ་གུར་གཞི་བཞག་སྟེ་ གཞི་བཙུགས་གནང་ཡོདཔ་ཨིན། དེ་ཡང་ མ་འོངས་པའི་ན་གཞོན་ཚུ་ལུ་ འབྲི་ལྷག་གི་ཡོན་ཏན་རྐྱངམ་གཅིག་གིས་མ་དོ་པར་ གློག་རིག་དང་འབྲེལ་བའི་བརྩི་མཐོང༌ ཤེས་བྱའི་ཡོན་ཏན་དང་རིག་རྩལ་ཚུ་ ཡར་དྲག་གཏང་ཐབས་ལུ་ཨིན་པས། དེ་མ་ཚད་ སློབ་སྦྱོང་པ་ཚུ་གི་རྒྱུད་ལུ་ ལག་རྩལ་སྦྱོང་བརྡར་དང་འབྲེལ་བའི་རིག་རྩལ་ཚུ་ལས་བརྟེན་ མི་ཚེ་འདི་འཇོན་ཐང་ཅན་ཅིག་དང་ ཐོན་སྐྱེད་ཅན་ཅིག་བཟོ་ཞིནམ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལཱ་གཡོག་དང་འབྲེལ་བའི་དཀའ་ངལ་ཚུ་ མར་ཕབ་གཏང་ཐབས་ཀྱི་དོན་ལུ་ཨིན་པས། (Ministry of Labour and Human Resources, 2013)། དེ་བཟུམ་མའི་ལས་རིམ་འདི་ སློབ་གྲྭ་ལ་ལུ་ཅིག་ལས་ཕར་ གཞི་བཙུགས་འབད་ཏེ་ཡོདཔ་ཨིན་མས། དེ་ཡང་ འབྲུག་གི་ཤེས་རིག་ལམ་ལུགས་ཚུ་ནང་ ཆོས་ཚན་མང་ཤོས་ར་ བློ་ལུ་གཟུང་ནི་དང་ལྷབ་ནི་རྐྱངམ་གཅིག་མ་གཏོགས་ ལག་ལེན་དངོས་སུ་སྦེ་འཐབ་ནིའི་གོ་སྐབས་མེདཔ་ལས་ ལག་རྩལ་སྦྱོང་བརྡར་ལས་བརྟེན་ཏེ་ ན་གཞོན་ཚུ་གི་སྤྲོ་བ་དང་འཁྲིལ་ཏེ་ ཤེས་ཡོན་སློབ་སྦྱོང་ཚུ་དངོས་སུ་ལག་ལེན་ཐོག་ལས་ སྦྱང་ནིའི་དོན་ལུ་དམིགས་ཏེ་ཨིན་པས།

ལག་རྩལ་སྦྱོང་བརྡར་འདི་ལས་བརྟན་ཏེ་ སློབ་སྦྱོང་པ་རང་སོའི་སྤྲོ་བ་ ལྕོགས་གྲུབ་དང་རིག་རྩལ་ཚུ་ཤེས་ནིའི་གོ་སྐབས་སྦོམ་ཡོད་པའི་ཁར་ གཞུང་གཡོག་རྐྱངམ་གཅིག་ལུ་བརྟེན་ཏེ་སྡོད་ནི་མེན་པར་ རིག་རྩལ་ལས་བརྟེན་པའི་ལཱ་གཡོག་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ཕན་ཐོགས་འབྱུང་ནི་ཨིན། གཞན་ཡང་ ཡོན་ཏན་སྦྱང་པའི་སྐབས་ མི་སྡེ་ནང་ལུ་ལཱ་གཡོག་གི་ས་སྟོང་ ག་ཅི་ར་ཡོད་ག་ དབྱེ་དཔྱད་འབད་དེ་ འདི་དང་བསྟུན་ཏེ་རང་གི་རིག་རྩལ་དང་ལྕོགས་གྲུབ་ཚུ་ཡང་ ཡར་དྲག་གཏང་ཐབས་ལུ་ཕན་ཐོགས་འབྱུང་ནི་ཨིན། སྦྱོང་བརྡར་འདི་ལས་བརྟེན་ རྒྱལ་ཁབ་ནང་ལུ་ སྒེར་སྡེ་དང་འབྲེལ་བའི་ལས་སྡེ་གཞན་ཚུ་ནང་ཡང་ སྤུས་ཚད་ཚུ་སྔར་ལས་ལྷགཔ་སྦེ་ཡར་དྲག་དང་ སེམས་ཤུགས་སྐྱེད་ཐབས་ཀྱི་དོན་ལུ་ཕན་ཐོགས་དོ་ཡོདཔ་ཨིན། ལག་རྩལ་སྦྱོང་བརྡར་འདི་གིས་སྦེ་ སྤྲོ་བ་ཡོད་མི་ཚུ་གིས་ རང་སོའི་རིག་རྩལ་དང་ཡོན་ཏན་དང་འཁྲིལ་ཏེ་འཛུལ་ཞུགས་འབད་ནི་ཨིནམ་ལས་ མི་སྡེ་ནང་ལུ་ ཧུར་རི་རི་སྦེ་ མ་དངུལ་དང་འཕྲུལ་ཆས་གསརཔ་བཟོ་ནིའི་ནང་ བཅའ་མར་གཏོགས་ཚུགས་ནི་ཨིནམ་ལས་ མ་འོངས་པའི་གོང་འཕེལ་ལུ་ཕན་ཐོགས་ནི་ཨིན། (GURG, 2018)། Wangdi (n.d.) གིས་ ལག་རྩལ་སྦྱོང་བརྡར་འདི་ལས་བརྟེན་ཏེ་ ཤུལ་ལས་རྒྱལ་ཁབ་ནང་ལུ་ རྒྱལ་ཁབ་ཀྱི་དངུལ་ཡར་དྲག་གཏང་ནི་ལུ་ཕན་ཐོགས་འབྱུང་ནི་ཨིན་ཟེར་ཨིན་མས།

དེ་མ་ཚད་ ལག་རྩལ་སྦྱོང་བརྡར་དི་གིས་སྦེ་ དཔལ་འབྱོར་ལུ་ཕན་ཐོགས་སྦོམ་འབྱུང་ནི་ཨིན་མས། དེ་ཡང་ རིག་རྩལ་ཅན་དང་ ཉེན་ཁ་འབག་ཐལ་མི་ཚུ་གིས་ སྒེར་གྱི་ལས་སྡེ་ཚུ་འགོ་འདྲེན་འཐབ་སྟེ་འབད་བའི་བསྒང་ལསན་ ལཱ་གཡོག་གི་གོ་སྐབས་ལེ་ཤ་བྱིན་ཚུགསཔ་ལས་ མི་སེར་གྱི་འཚོ་བའི་གནས་སྟངས་ཡར་དྲག་འགྱོ་ཚུགསཔ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཕན་སྦོམ་ཐོགས་ནི་ཨིན། དེ་བཟུམ་སྦེ་ གྲོང་གསེབ་ནང་ལུ་ཡོད་པའི་ན་གཞོན་ཚུ་གིས་ འདི་བཟུམ་མའི་རིག་རྩལ་ལུ་བརྟེན་ཏེ་ གྲོང་གསེབ་ནང་ཁྱད་རིག་དང་འབྲེལ་བའི་དཀའ་ངལ་ཚུ་བསལ་ཚུགསཔ་ལས་ ཁོང་རའི་འོང་འབབ་ལུ་ཕན་ཐོགས་འབྱུང་ནི་ཨིན། དེ་མ་ཚད་ ལག་རྩལ་སྦྱོང་བརྡར་འདི་ལས་བརྟེན་ ན་གཞོན་འདི་ཚུ་ རང་མགོ་རང་འདྲོང་ཚུགསཔ་ལས་ ན་གཞོན་འདི་ཚུ་གིས་ མི་སྡེ་ནང་ལུ་ དཔལ་འབྱོར་དང་འབྲེལ་བའི་ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་ཚུ་འབག་ཚུགས་ནི་ལུ་ཁས་ཕན་ཡོདཔ་ཨིན།

ལག་རྩལ་སྦྱོང་བརྡར་འདི་ ཡར་དྲག་གཏང་ནིའི་དོན་ལུ་ མ་འོངས་པའི་གནས་སྟངས་བལྟ་ཞིནམ་ལས་ མ་འོངས་པའི་ལཱ་གཡོག་ནང་ རིག་རྩལ་ག་བཟུམ་ཅིག་དགོ་ནི་ཨིན་ན་ཚུ་དབྱེ་དཔྱད་འབད་དགོ། འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་འོག་ལུ་ཡོད་པའི་མཐོ་རིམ་སློབ་གྲྭ་འདི་ནང་ རིག་རྩལ་དང་འབྲེལ་བའི་ཚོགས་ཕྲན་ ཡང་ན་ སློབ་དུས་ཅིག་ནང་ ཆོས་ཚན་ག་ར་ རིག་རྩལ་དང་འབྲེལ་ཆོས་ཚན་བཟོ་བ་ཅིན་ཁེ་ཕན་འོང་ནི་ཨིན་མས། དེ་མ་ཚད་ ན་གཞོན་འདི་ཚུ་ རིག་རྩལ་གཅིག་ནང་རྐྱངམ་གཅིག་མེན་པར་ གཞན་དགོ་པའི་རིག་རྩལ་ཚུ་ནང་ བཅའ་མར་གཏོགས་ནི་དང་ ཡང་ན་ ན་གཞོན་ཚུ་བཅའ་མར་གཏོགས་མི་དང་བཅས་པ་ལུ་ རིག་རྩལ་མ་འདྲཝ་ལས་ཕར་ མཁས་མཆོག་བཟོ་ནི་ལུ་བརྩོན་དགོ་ན་ཨིན་མས། Wangdi (n.d.)།  ལག་རྩལ་སྦྱོང་བརྡར་ནང་ལུ་ སྟོན་ནིའི་ནང་དོན་ཚུ་འགྱུར་བཅོས་འབད་དེ་ ཡར་དྲག་གཏང་ནི་དང་ འདི་གིས་ འབྲུག་རྒྱལ་ཁབ་ནང་རྐྱངམ་གཅིག་མེད་པར་ རྒྱལ་ཁབ་གཞན་ཁར་འབད་རུང་ རང་མགོ་འདྲོང་ཚུགསཔ་སྦེ་བཟོ་ནི་ལུ་ འབྲུག་གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་བ་ཅིན་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ མཐུན་འགྱུར་འབད་ཚུགས་ནི་ཨིན་མས།

རྒྱབ་རྟེན།

GURG, T. A. (2018, August 5). TECHNICAL AND VOCATIONAL EDUCATION AND TRAINING (TVET) IS ESSENTIAL TO THE SUSTAINABLE DEVELOPMENT, GROWTH AND ADVANCEMENT OF NATIONS. Retrieved from https://www.dubaicares.ae/blogs/technical-and-vocational-education-and-training-tvet-essential-sustainable-development-growth-and-advancement-na/

Ministry of Labour and Human Resources. (2013). TECHNICAL & VOCATIONAL EDUCATION AND TRAINING POLICY. Thimphu.

Wangdi, P. (n.d.). Vocational Education in Bhutan. The Druk Journal.

Source : Dzongkha Development Commission 2022