སྤོ་ལོ་མཁན་རིན་པོ་ཆེ། Ι Polokhen Rimpoche: Difference between revisions

Wikipedia ལས།
Content deleted Content added
New articles
 
edited content
 
གྲལ་ཐིག་ ༡: གྲལ་ཐིག་ ༡:
== '''ངོ་སྤྲོད།''' ==
== '''ངོ་སྤྲོད།''' ==
[[File:Polo1yu.jpg|thumb|སྤོ་ལོ་མཁན་རིན་པོ་ཆེ།]]
དེ་ཡང་དཔལ་ལྡན་བླ་མ་ཁོང་ དོན་ལུ་ཀུན་བཟང་ཆོས་ཀྱི་སྐུ་ལུ་སངས་རྒྱས་སོང་རུང་། གཞན་དོན་ལུ་གདུལ་བྱ་དག་པ་རྣམས་ཀྱི་ངོར་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་དག་པ་དང་ མ་དག་པ་སྣ་ཚོགས་ཀྱི་ངོ་ལུ་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་པའི་སྐུ་ སྐྱེ་བ་སྤྲུལ་པའི་སྐུ་ཚུ་ལུ་སྤྲུལ་ཏེ་ མཐའ་མེད་པའི་སེམས་ཅན་གྱི་དོན་མཛད་ཚུལ་ཚུ་ལེ་ཤ་ཡོད་རུང་། ད་ལྟོ་ང་བཅས་སོ་སོ་སྐྱེ་བོ་ཚུ་གིས་ མཐོང་ཚུལ་དང་མཐུནམ་གཅིག་སྦེ་བཤད་ཡོད་མི་དེ་ཡང་།
དེ་ཡང་དཔལ་ལྡན་བླ་མ་ཁོང་ དོན་ལུ་ཀུན་བཟང་ཆོས་ཀྱི་སྐུ་ལུ་སངས་རྒྱས་སོང་རུང་། གཞན་དོན་ལུ་གདུལ་བྱ་དག་པ་རྣམས་ཀྱི་ངོར་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་དག་པ་དང་ མ་དག་པ་སྣ་ཚོགས་ཀྱི་ངོ་ལུ་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་པའི་སྐུ་ སྐྱེ་བ་སྤྲུལ་པའི་སྐུ་ཚུ་ལུ་སྤྲུལ་ཏེ་ མཐའ་མེད་པའི་སེམས་ཅན་གྱི་དོན་མཛད་ཚུལ་ཚུ་ལེ་ཤ་ཡོད་རུང་། ད་ལྟོ་ང་བཅས་སོ་སོ་སྐྱེ་བོ་ཚུ་གིས་ མཐོང་ཚུལ་དང་མཐུནམ་གཅིག་སྦེ་བཤད་ཡོད་མི་དེ་ཡང་།



Latest revision as of ༠༣:༥༧, ༧ སྤྱི་ཟླ་ལྔ་པ། ༢༠༢༤

ངོ་སྤྲོད།[ཞུན་དག།]

སྤོ་ལོ་མཁན་རིན་པོ་ཆེ།

དེ་ཡང་དཔལ་ལྡན་བླ་མ་ཁོང་ དོན་ལུ་ཀུན་བཟང་ཆོས་ཀྱི་སྐུ་ལུ་སངས་རྒྱས་སོང་རུང་། གཞན་དོན་ལུ་གདུལ་བྱ་དག་པ་རྣམས་ཀྱི་ངོར་ལོངས་སྤྱོད་རྫོགས་པའི་སྐུ་དང་། གདུལ་བྱ་དག་པ་དང་ མ་དག་པ་སྣ་ཚོགས་ཀྱི་ངོ་ལུ་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་སྤྲུལ་པའི་སྐུ་ སྐྱེ་བ་སྤྲུལ་པའི་སྐུ་ཚུ་ལུ་སྤྲུལ་ཏེ་ མཐའ་མེད་པའི་སེམས་ཅན་གྱི་དོན་མཛད་ཚུལ་ཚུ་ལེ་ཤ་ཡོད་རུང་། ད་ལྟོ་ང་བཅས་སོ་སོ་སྐྱེ་བོ་ཚུ་གིས་ མཐོང་ཚུལ་དང་མཐུནམ་གཅིག་སྦེ་བཤད་ཡོད་མི་དེ་ཡང་།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞབས་ཀྱིས་མཛད་པའི་ “བླ་མ་རྒྱང་འབོད་ལས། ངེས་པ་དོན་གྱི་རྡོ་རྗེ་འཆང་དབང་། །ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག། མངོན་སུམ་རང་ངོ་སྤྲོད་པའི་དེད་དཔོན། །དགའ་རབ་གཉིས་པའི་བླ་མ་དྲན་ནོ།།” ཞེས་གསུངས་པའི་ཚིག་དོན་ལུ་མཇལ་བ་ཅིན། ཐེག་དགུའི་ཡང་རྩེ་ ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པའི་སྲོལ་འབྱེད་ཆེན་པོ་ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེའི་རྣམ་སྤྲུལ་ངོ་མ་ཨིནམ་ད། བླ་མ་ཁོང་ བུམ་ཐང་ཐར་པ་གླིང་དུ་གནས་བསྐོར་དང་ མཆོད་འབུལ་ལུ་ཕེབས་པའི་ཉིན་ཅིག་ལུ་ ད་ལྟོའི་སེམས་ཀྱི་ཆ་འདི་རང་བཞིན་གྱིས་འགག་སྟེ་ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐུ་གསུང་ཐུགས་སྦེ་འཆར་ཡི་ཟེར་ གསུངམ་ལས་ཀུན་མཁྱེན་དྲི༌མེད༌ འོད༌ཟེར༌གྱི༌སྤྲུལ༌པ༌ཡང༌ཨིན༌མས། མཁན་ཆེན་ཤཱཀྱ་རིན་ཆེན་དང་ང་དབྱིངས་གཅིག་ཟེར་ སྦ༌གསང་མེད་པར་ཞལ་གྱིས་བཞེས་ཚུལ་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ལུ་གསུངས་གནངམ་ལས་ རྒྱལ་བ་ཤཱཀྱའི་སྤྲུལ་པ་ཡང་ཨིན་མས།

གཉིས་པ་བར་དུ་དགེ་བ་མཛད་རྣམ་དངོས་བཤད་པ།[ཞུན་དག།]

༡༽ འཁྲུངས་གཡུས་དང་ཡབ་ཡུམ་གྱི་མཚན།[ཞུན་དག།]

རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་གཙང་མའི་ས་གཞི་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཟེར་གསུང་དོ་བཟུམ་སྦེ། སྐུ་འཁྲུངས་པའི་གཡུས་འདི་ འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཟེར་ཡོད་པའི་ མདོ་ཁམས་སྒང་དྲུག་གི་ཡ་གྱལ་ ཟལ་མོ་སྒང་གི་རྒྱུད་ལུ་ དགེ་བ་བཅུ་ལྡན་གྱི་རྒྱལ་པོའི་མངའ་ཁོངས་ སྤོ་ལུ་ཟེར་སར་ལུ་ཆོས་ཀྱི་འབྱོར་དང་ལྡན་པའི་ཡབ་ ལྷ་རྒྱལ་དང་ཡུམ་བཀྲ་ཤིས་མཚོ་མོ་གཉིས་ལུ་ ཨ་ལུ་ལྔ་ཡོད་པའི་སྤུན་ཆ་གཉིས་པ་སྦེ་ ཕུག་ལུགས་ཀྱི་སྟོན་པའི་འདས་ལོ་༢༧༧༧ སྤྱི་ལོ་༡༨༩༧ རབ་བྱུང་བཅོ་ལྔ་པའི་ནང་ ཚན་གསེར་འཕྱང་མེ་མོ་བྱའི་ལོར་ དགེ་བའི་རྟགས་མཚན་ལེ་ཤ་དང་གཅིག་ཁར་སྐུ་འཁྲུངས་ཏེ་ ཡབ་ཀྱིས་མཚན་རིག་འཛིན་རྡོ་རྗེ་ཟེར་མཚན་གསོལ་ནུག།

༢༽ ཆོས་སྡེ་ལུ་ཞུགས་ཏེ་རབ་ཏུ་བྱུང་ཚུལ་དང་སློབ་སྦྱོང་འགོ་ཐོག་མཛད་ཚུལ།[ཞུན་དག།]

དེ་ལས་ཨ་ཙི་སྦོམ་འགྱོ་བའི་བསྒང་ལས་ དགེ་སློང་གི་ཆས་འབད་ནི་ལུ་དགའཝ་ལས་བརྟེན་ཏེ་ དགུང་ལོ་དགུ་ལངམ་ད་གཡུས་འདི་ནང་གི་ས་སྐྱ་པའི་ཆོས་སྡེ་ཅིག་ཡོད་པའི་ནང་འཛུལ་ཏེ་ དགེ་བསྙེན་གྱི་སྡོམ་པ་ཞུ་སྟེ་ འབྲི་ཀློག་ཚུ་ལུ་སློབ་སྦྱོང་མཛད་ དེ་ལས་ཨ་ཙི་སྦོམ་འགྱོཝ་ད་མཁན་པོ་ཐུབ་བསྟན་ཀུན་དགའ་བཟང་པོའི་ཞབས་ལས་ དགེ་ཚུལ་གྱི་སྡོམ་པ་གསནམ་ད་ མཚན་ཐུབ་བསྟན་ཀུན་དགའ་རྒྱལ་མཚན་ཟེར་ གསོལ་གནང་ནུག།

དེ་ལས་ས་སྐྱའི་ལུགས་ཀྱི་འདོན་ཆ་བློར་འཛིན་དང་ དཀྱིལ་ཆོག་གི་ཕྱག་བཞེས་ག་ར་ ཐུགས་ལུ་བཟུང་ཚརཝ་ལས་ རྟེན་འབྲེལ་གྱི་སྒོ་ལེགས་པའི་ཕྱོགས་སུ་འགྲིག་སྟེ་དགུང་གྲངས་བཅུ་དྲུག་ལུ་ སྔ་འགྱུར་རྙིང་མའི་ཆོས་སྡེ་བདག་མཁོ་དགོན་པའི་བཤད་གྲྭ་ནང་ཕེབས་ཏེ་ གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ལོ་ངོ་དྲུག་གི་རིང་ལུ་ མཁན་ཆེན་གཞན་ཕན་ཆོས་སྣང་གིས་མཛད་པའི་ གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་དང་། འཇམ་མགོན་མི་ཕམ་པས་མཛད་པའི་ གཞུང་འགྲེལ་གྱི་སྐོར་རྣམས་གསན་ཏེ་ མཁྱེན་རབ་ཀྱི་པདྨོའི་འཛུམ་རྒྱ་གྲོལ།

དེའི་སྐབས་ལུ་ དགེ་བའི་བཤེས་གཉེན་ཐུབ་དགའི་ཞབས་ནས་ རྒྱལ་བའི་བཀའ་འགྱུར་གྱི་ ལྗགས་ལུང་ཡང་གསན་ནུག། དགུང་གྲངས་ཉི་ཤུ་སོནམ་ད་བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་གྱིས་ཕྱུག་པ་ པད་ནོར་རིན་པོ་ཆེ་མཆོག་གིས་མཁན་པོ་མཛད་ སྡོམ་བརྩོན་འདུལ་བ་འཛིན་པ་ཚུ་གིས་ལས་ཀྱི་སློབ་དཔོན་མཛད་དེ་ ངེས་འབྱུང་སྲུང་སེམས་ཀྱི་ངོ་བོར་བསྐྱེད་དེ་ མངོན་གྱུར་བཅུའི་སྒོ་ནས་ བསྙེན་པར་རྫོགས་པའི་སྡོམ་པ་གསན་གནང་ནུག།

དེ་ལས་ ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ་ ལམ་འབྲས་སོགས་ས་སྐྱའི་ལུགས་ཀྱི་གདམས་ངག་གི་སྐོར་ག་ར་གསན་ དེའི་སྐབས་ལུ་བོད་ཀྱི་གནས་ཚུ་མཇལ་བ་ཕེབས་པའི་ལམ་ཁར་ གང་གི་བློ་གྲོས་འབུམ་ཕྲག་གཅིག་ཞལ་འདོན་མཛདཔ་ལས་ ཐུགས་རིག་སྔར་ལས་གསལ་བར་སོང་ཚུལ་ རྗེ་བསྟན་འཛིན་དོན་གྲུབ་ལུ་གསུང་ནུག།

༣༽ ཐོས་བསམ་དང་མཁན་པོ་མཛད་ཚུལ།[ཞུན་དག།]

འཇམ་མགོན་མི་ཕམ་པའི་དངོས་སློབ་ འཇམ་དབྱངས་རྒྱལ་མཚན་ལས་ ལོ་ངོ་གསུམ་གྱི་རིང་ལུ་འདུལ་བ། མངོན་པ། དབུ་མ། ཕར་ཕྱིན། ཚད་མ་བཅས་རིམ་པར་གསན་བསམ་མཛད་ནུག། མཁས་དབང་འཇམ་དབྱངས་མཁྱེན་རབ་ལས་ སུམ་རྟགས་དང་། སྙན་ངག་དང་། རྩིས་དཀར་ནག་སོགས་ གཙུག་ལག་རིག་གཞུང་ལེ་ཤ་གསན་བསམ་མཛད་ནུག། དེའི་སྐབས་ སུམ་རྟགས་གྱི་འགྲེལ་པ་མཐའ་དཔྱད་དང་བཅས་པ་ཅིག་དང་ གཟའ་ལྔ་དབྱངས་འཆར་ཞག་གསུམ་རྣམ་དབྱེ་ཚུ་ལུ་ གསལ་བྱེད་རེ་མཛད་གནང་ནུག། ལྷག་པར་དུ་ མི་ཕམ་རིན་པོ་ཆེའི་ཐུགས་སྲས་ཡོངས་ཀྱི་གཙོ་བོ་ཀཿཐོག་གི་མཁན་པོ་ ཀུན་བཟང་དཔལ་ལྡན་ཆོས་གྲགས་ཀྱི་ཞབས་ལས་ འདུལ་བ་མདོ་རྩ་བ། དབུ་མ། ཕར་ཕྱིན། ཚད་མ་བཅས་གསན་བསམ་དཔྱིས་ཕྱིན་པ་ཐེངས་རེ་དང་།

ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ནས་ དབྱངས་ཅན་བྱཱ་ཀ་ར་ཎ་དང་། སྡེབས་སྦྱོར་རིན་ཆེན་འབྱུང་གནས། མངོན་བརྗོད་འཆི་མེད་མཛོད་སོགས་རིམ་པར་གསན་གནང་ནུག། དེ་འབད་གསན་བསམ་མཛད་མི་ཚུ་ཡང་ གོ་འུད་ཙམ་སྦེ་མ་ལུས་པར་འཆད་རྩོད་རྩོམ་གསུམ་ག་ཅི་ལུ་ཡང་ ཆགས་ཐོགས་མེད་པར་གྱུར་སོང་ནུག།

དེ་འབད་བ་ལུ་བརྟེན་ཏེ་ སྤོ་ལུ་མགོན་གྱི་མཁན་པོ་སྦེ་ ལོ་དག་པ་ཅིག་བཞུགས་པའི་སྐབས་ རྫོང་གསར་བཀྲ་ཤིས་ལྷ་རྩེར་ཕེབས་ཏེ་ མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞབས་ནས་ ས་ལུགས་ཀྱི་ཀྱཻ་རྡོར་དང་མཁའ་སྤྱོད་མ་སོགས་ཀྱི་སྨིན་གྲོལ་གྱི་གདམས་ངག་གསན་ཏེ་ ཐུགས་ཉམས་སུ་བཞེས་པར་མཛད།

དགུང་གྲངས་སོ་བདུན་གྱི་ཐོག་ཏུ་ཕེབས་ད་ ཨ་ཁྲིད་གཏེར་སྟོན་མཆོག་ལུ་ ཚེའི་བར་ཆད་སེལ་ཐབས་བརྟག་པ་ཞུཝ་ད་ ཁོང་གིས་ཁྱོད་རྫོགས་ཆེན་སྙིང་ཐིག་གི་བླམ་ཅིག་གི་སྐྱེཝ་ཨིནམ་ལས་ སྙིང་ཐིག་ལུགས་ཀྱི་ལྷ་ཅིག་གི་བསྙེན་པ་གནང་པ་ཅིན་ དགུང་ལོ་དོན་བཞིའི་བར་དུ་འཚོ་འོང་ཟེར་བའི་ཕྱག་ཡིག་གནངམ་ལས་ སྤོ་ལུ་དགོན་པའི་མཁན་པོ་ལས་དགོངསམ་ཞུས་ཏེ་ སྨྱོ་ཤུལ་སྒར་ལུ་ ཀཿཐོག་གི་མཁན་ཟུར་ངག་གི་དབང་པོའི་ཞབས་སར་ ལོ་དག་ཅིག་བཞུགས་པའི་རིང་ལུ་ རྫོགས་པ་ཆེན་པའི་རྒྱུད་ཀྱི་དགོངས་དོན་སྙིང་ཐིག་ཡ་བཞི་དང་ ཀློང་ཆེན་སྙིང་ཐིག་བཅས་ སྨིན་བྱེད་ཀྱི་དབང་རྣམས་གསན།

དེ་ལས་མངའ་རིས་པཎ་ཆེན་གྱིས་མཛད་པའི་ སྡོམ་གསུམ་རྣམ་ངེས་རྩ་འགྲེལ་གྱི་བཤད་རྒྱུན་དང་། ཀུན་བཟང་བླ་མའི་ཞལ་ལུང་ཟིན་བྲིས་སྦྲགས་མའི་ཁྲིད། བླ་མ་ཡང་ཏིག། མཁའ་འགྲོའི་ཡང་ཏིག། ཡེ་ཤེས་བླ་མ། ཁྲེགས་ཆོད་དང་ཐོད་བརྒལ་གྱི་སྙན་བརྒྱུད་སོགས་ ཁྲིད་རིམ་ཐམས་ཅད་དམར་ཁྲིད་ཁོ་ནར་གསན་ཏེ་ ཐུགས་ཉམས་སུ་བཞེས། སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་ གསན་བསམ་མཐའ་རྒྱ་ཆོད་པ་དང་། ཀློང་ཆེན་མཛོད་བདུན་དང་ ངལ་བསོའི་སྐོར་གསུམ། སྙིང་ཐིག་གོང་འོག་ཚུ་ག་ར་ བུམ་པ་གང་བྱོའི་ཚུལ་ལུ་ གསན་བསམ་སྒོམ་གསུམ་མཐིལ་ཕྱིན་མཛད།

དེ་ལས་སྨྱོ་ཤུལ་སྒར་ལས་ སྤོ་ལུར་ཕེབས་ལམ་བྱང་ཐང་ཞིག་ལུ་ ཞག་བཞུགས་པའི་དུས་ཚོད་ཅིག་ན་ ཉེ་གནས་ཆུ་དང་ཤིང་འཚོལ་བར་སོང་སྟེ་བླ་མ་ཁོ་རང་གཅིག་སྦེ་བཞུགསཔ་ད་ ནམ་མཁའ་ག་ར་འཇའ་འོད་ཀྱིས་གངམ་ད་གཅིག་ཁར་ པཎ་ཆེན་བི་མ་མི་ཏྲ་ཨིན་ཟེར་བའི་ རིག་འཛིན་གྱི་སློབ་དཔོན་ དབུ་ལུ་པཎ་ཞྭ་སྐུ་ལུ་པཎྜི་ཏའི་སྟོད་གོ་ཧོནམ་དང་ ཆོས་གོས་རྣམ་གསུམ་བཞེས་མི་ཅིག་མཇལ་མི་ལུ་ ཕྱག་ལེ་ཤ་ཅིག་འཚལ་ཏེ་ཞབས་དབང་ཅིག་ཞུས་ཏེ་ གསོལ་བ་བཏབ་ད་ཞལ་གྱིས་ག་ཅི་ཡང་མི་གསུང་བར་ བརྡ་ཐབས་ཅིག་སྟོན་ཏེ་བྱིན་གྱིས་བརླབས་པའི་མཐར་མར་ བླ་མ་ཁོང་ལུ་ཐིམ་པའི་བྱིན་རླབས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་ཏེ་ ལྟ་སྒོམ་ཆིག་ཆོད་སྦེ་སོང་། སྐབས་ཅིག་དེའི་སྐོར་ལས་ ཉེ་གནས་ཚུ་ལུ་མ་གསུངས་རུང་། ཤུལ་ལས་སོག་རྩེ་སྤྲུལ་སྐུ་ ཀུན་བཟང་བསྟན་འཛིན་འཕྲིན་ལས་དང་ དགེ་བཤེས་པདྨ་ཕྲིན་ལས་ལུ་ ཟུར་ཙམ་ཅིག་གསུངས་ནུག། ལོག་ཤུལ་ལས་རྟ་མགོ་ལུ་བཞུགས་པའི་དུས་ལུ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱིས་ཞུཝ་ད་ ཧེ་མ་བྱུང་མི་ཚུ་ཁ་གསལ་སྦེ་གསུངས་གནང་ནུག།

དེ་ལས་རིགས་བདག་མཁན་ཆེན་ ངག་གི་དབང་པོ་དགོངས་པ་ཆོས་དབྱིངས་ལུ་གཤེགས་པའི་བཤུལ་ལུ་ ཡང་སྲིད་བརྩད་གཅོད་ཀྱི་དོན་ལུ་ཞབས་ཕྱིས་ཚུ་དང་བཅས་ཀོང་པོར་ཕེབས། དེ་ཁར་སྐུ་མཚམས་ལུ་བཞུགས་ཏེ་ བརྩད་གཅོད་དང་བརྟག་པ་མཛད་དེ་ སྤྲུལ་སྐུ་ངོས་འཛིན་དང་ན་བཟའ་ཕུལ། སྤྲུལ་སྐུ་རིན་པོ་ཆེ་ ཨ་ཙི་སྦོམ་ད་ཁམས་ཕྱོགས་ལུ་ཞུ། དེ་ལས་དབུས་ཕྱོགས་ལུ་ཕེབས་ཏེ་ ཡར་ཀླུང་གི་གནས་རྣམས་མཇལ་ཏེ་འཕྱོང་རྒྱས་དཔལ་རི་ལུ་མཆོད་འབུལ་ལ་བྱོནམ་ད། འཇིགས་མེད་གླིང་པའི་སྨན་སྐུ་ གསུང་བྱོནམ་གི་སྐུ་དེ་ ཡར་བཞེངས་ཏེ་མཇལ་དར་ཕུལ་ནི་དང་དབུ་མཐུད་གནང་མི་འདི་ ཡ་མཚན་ཆེ་རུང་ དེ་ཚུ་གི་རིགས་རང་སྣང་ཨིནམ་ལས་ ཉེ་གནས་ཀྱིས་མ་མཐོང་ཟེར་གསུངས་ནུག།

༤༽ སྒོམ་པ་ལུ་བཞུགས་ཏེ་སློབ་མ་སྨིན་གྲོལ་མཛད་ཚུལ།[ཞུན་དག།]

དེ་ལས་ཡར་ཀླུང་ཤེལ་བྲག་དང་། མཆིམས་ཕུ་ལུ་ སྐུ་མཚམས་ལོ་གསུམ་ཚར་རེ་གཡའ་མ་ལུང་དང་ ལྷོ་བྲག་མཁར་ཆུར་ལོ་རེ་སོགས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་མཛད། དེ་ལས་རྒྱ་དང་བལ་ལུ་གནས་མཇལ་དང་མཆོད་འབུལ་མཛད། བོད་ལུ་ཕེབས་ལྷ་ལྡན་བྲག་ལྷ་ཀླུ་ཕུག་དང་ རོང་བྲག་དམར་ལུ་བཞུགས་པ་ད། དབུས་གཙང་ཁམས་གསུམ་གྱི་མོས་ལྡན་རྣམས་ལུ་ རང་སྐལ་དང་འཚམས་པའི་ཆོས་སྦྱིན་སྩལ། དེ་ལས་དབུས་གནས་ལ་རིམ་པར་ཕེབས་ཏེ་ ཨོ་རྒྱན་སྨིན་གྲོལ་གླིང་ལུ་བཞུབསཔ་ད་ རྗེ་བསྟན་འཛིན་དོན་གྲུབ་ཀྱིས་མཇལ་ཁ་དང་པོ་ཐོབ་ནུག།

དེ་ལས་རྒྱ་བལ་གནས་གཟིགས་ཐེངས་གཉིས་པ་བྱོན། ལོག་བྱོན་ཏེ་གྲོ་མོ་ཆུ་ཕུའི་རི་ཁྲོད་ལུ་ ལོ་དག་ཅིག་བཞུགས་པའི་རིང་ལུ་ གྲོ་མོ་བ་དང་འབྲུགཔ་ཚུ་ལུ་ རང་སོའི་མོས་སྐལ་དང་ འཚམས་པའི་ཆོས་སྦྱིན་སྩལ། སླར་ལྷ་ལྡན་དུ་ཕེབས་ སྤོམ་མདའི་གླིང་དཀར་བཞུགས་ད་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱིས་གཙོས་འདུས་པ་བརྒྱ་ཕྲག་ལུ་ ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་གསུམ་སོགས་ ཆོས་ཀྱི་བདུད་རྩི་ཅི་དགར་འགྱེད་པར་མཛད་གནང་ནུག།

དེ་ལས་ ཀླ་ཀློའི་དཔུང་མདོ་ཁམས་ལུ་འོངས་ཏེ་ མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལྷ་ལྡན་དུ་ ཕེབས་བཞུགས་པའི་སྐབས་སྙིང་ཐིག་ཡ་བཞི་དང་། ཀློང་ཆེན་སྙིང་ཐིག། ལྕེ་བཙུན་སྙིང་ཐིག་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཚུ་གསན་ནུག།

༥༽ རྒྱ་གར་ལུ་བྱོན་ཚུལ།[ཞུན་དག།]

དེ་ལས་དགུང་གྲངས་དྲུག་ཅུ་རེ་གསུམ་སོན་པའི་ ས་མོ་ཕག་གི་ལོར་ བོད་ཆོས་ལྡན་གྱི་རྒྱལ་ཁབ་ ཀླ་ཀློའི་དཔུང་གིས་དབང་སྒྱུར་བའི་སྐབས་ བླ་མ་རིན་པོ་ཆེ་དང་། སྐུ་མཆེད་རྒན་ཤོསྐུ་ཚ། ཉེ་གནས་བཅས་ཀློ་ལམ་བརྒྱུད་དེ་ ཀ་ལི་སྤུངས་བཞུགས་པའི་རིང་ལུ། གཏེར་ཆེན་བདུད་འཇོམས་རིན་པོ་ཆེ་ལས་ སྔ་འགྱུར་བཀའ་མའི་ཆོས་སྐོར་གྱི་དབང་ལུང་དང་ རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཆ་ཚང་དང་། ཀ་སྤུངས་དང་རྡོར་གླིང་ལུ་ལོ་ལྔ་དང་། མ་སུ་རི་དང་རཱ་ཇི་པུར་ལུ་ལོ་གསུམ་བཞུགས་པའི་རིང་ལུ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱིས་གཙོས་སློབ་མ་བརྒྱ་ཕྲག་ལུ། སུམ་རྟགས་སོགས་རིག་གནས་ཀྱི་སྐོར་དང་། ཕར་ཕྱིན་སོགས་གཞུང་ཆེན་གྱི་སྐོར། གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་སོགས་རྒྱུད་འགྲེལ་གྱི་སྐོར། སྙིང་ཐིག་གོང་འོག་གི་དབང་དང་ཟབ་ཁྲིད་བཅས་ རང་རང་གི་སྐལ་བ་དང་ འཚམས་པར་སྩལ་ཏེ་སྨིན་གྲོལ་མཛད་གནང་ནུག།

༦༽ འབྲུག་ལུ་བཞུགས་ཚུལ།[ཞུན་དག།]

མདོ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཟེར་གསུངས་དོ་བཟུམ་སྦེ། དཔལ་ལྡན་བླ་མ་དམ་པ་ ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པ། མི་འཕྲོག་པའི་མཁྱེན་རབ་དང་ ཐུགས་རྗེ་མངའ་བ་དེ་ཉིད་ ཁ་བཞི་སྨན་གྱི་ལྗོངས་འདིའི་གདུལ་བྱ་ལུ་གཟིགས་ཏེ། དགུང་གྲངས་བདུན་ཅུའི་ཐོག་ ཕུན་ཚོགས་གླིང་དང་། དགེ་ལེགས་ཕུ་བརྒྱུད་དེ་ བུམ་ཐང་སྐུ་རྗེས་ལུ་ཞབས་སོར་འཁོད་དེ་མཆོད་འབུལ་དང་ ཚོགས་འབུམ་གསག་བཞུགས་པའི་སྐབས། རྒྱལ་དབང་པདྨའི་ཡེ་ཤེས་ཀྱིས་ རྗེས་སུ་འཛིན་ཏེ་ གུ་རུའི་བླ་སྒྲུབ་དགོངས་གཏེར་ཅིག་མི་བརྗེད་པའི་གཟུངས་ཀྱིས་ ཐུགས་ཉམས་སུ་བཞེས་ཡོད་རུང་། ཡིག་ཐོག་ལུ་ གཏན་འབེབས་པ་མ་བྱུང་མི་འདི་ ང་བཅས་ར་གདུལ་བྱའི་སྐལ་བ་མེདཔ་ཨིན་མས།

དེ་ལས་བུམ་ཐང་ཐར་པ་གླིང་ལུ་ གནས་གཟིགས་དང་མཆོད་འབུལ་ལུ་ཕེབས་པའི་ཉིནམ་ལུ། ད་ལྟའི་སྣང་སེམས་ཀྱི་ཆ་འདི་ རང་འགགས་སོང་སྟེ་ ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ སྐུ་གསུང་ཐུགས་རྡོ་རྗེ་ལུ་སད་(ཤར)དེ་ དགའ་སྐྱོ་འདྲེས་མའི་ཉམས་ཤརཝ་ལས་ སྤྱན་ཆབ་བསིལཝ་ད། ཉེ་གནས་ཀྱིས་བླ་སློབ་ཚུ་ རྣམ་རྟོག་ཟ་འོང་ དེ་འབད་མ་མཛད་ཟེར་ཞུཝ་ད། དེ་འབད་མ་འབད་ཐབས་མིན་ནུག་ཟེརཝ་ཅིག་ ལས་བག་ཆགས་སད་པའི་གསུང་འཕྲོས་ཙམ་ཡང་མ་གསུངས་མས་ ཕྱིས་སུ་དགེ་བཤེས་པདྨ་ཕྲིན་ལས་ཚུ་བློ་གཏད་ཚུབ་མི་ཚུ་དང་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ལུ་གསུངས་ནུག་ དེ་ན་བཞུགས་པའི་རིང་ ཐར་པ་གླིང་འདུས་མང་གིས་གསོལ་བ་བཏབ་པའི་ངོར་ སྙིང་ཐིག་གོང་འོག་གིས་མཚོན་བཀའ་གཏེར་གྱི་དབང་དང་རྗེས་གནང་བསྐྱེད་རྫོགས་ རྫོགས་པ་ཆེན་པོའི་ཟབ་ཁྲིད་སོགས་ སོ་སོའི་བློ་དང་འཚམས་པར་སྩལ་གནང་ནུག།

བུམ་ཐང་ལས་མར་ཆོས་རྩེ་ལུ་ཕེབས་པའི་སྐབས་ ཉེ་འདབས་ལུ་མགོན་པ་ཅིག་ནང་ ཕྱག་འབྲུ་གནང་དགོས་ཟེར་ཞུ་བའི་ངོར་ ཕྱག་གིས་འབྲུ་དང་མེ་ཏོག་གཏོར་བ་དགོན་པ་དེ་ཁར་ལུ་བབསཔ་ དེ་ནང་ཡོད་མི་ག་ར་གི་མཐུན་སྣང་ལུ་བྱུང་བའི་ལོ་རྒྱུས་འདུག། དེ་ལས་དགེ་བཤེས་པདྨ་ཕྲིན་ལས་ཀྱིས་ གདན་འདྲེན་ཞུ་སྟེ་ འཁན་ཏ་ལེ་ལུ་ཕེབས་ དེ་ན་ཟླཝ་དག་པ་ཅིག་བཞུགས་པའི་རིང་ལུ་ སྐྱ་སེར་ཐམས་ཅད་ཆོས་ཀྱི་བདུད་རྩིས་ཚིམས་པར་མཛད། དེ་ལས་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱིས་ རྒྱལ་ས་ཐིམ་ཕུར་གདན་འདྲེན་ཞུ་སྟེ་བླ་མ་བསྟེན།

དེའི་སྐབས་ རྗེ་བསྟན་འཛིན་དོན་གྲུབ་ཀྱིས་ རྟ་མགོ་ལུ་སྤྱན་དྲངས་ཏེ་ དབྱར་ཐོག་གཅིག་བཞུགས་པའི་རིང་ལུ་ ཐོག་མར་སོ་སོར་ཐར་པའི་སྡོམ་པ་ལས་འགོ་བཟུང་ དེ་ནས་སྤྱོད་འཇུག་འཆད་ཉན་དང་འབྲེལ་ ཟབ་མོ་ལྟ་བའི་ལུགས་ཀྱི་བྱང་སྡོམ་ དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཡིག་ཆའི་ཐོག་ལས་གནང་བར་མཛད། ཀློང་སྙིང་རྩ་གསུམ་གྱི་དབང་དང་ ཡེ་ཤེས་བླ་མའི་ཞལ་ཁྲིད་སོགས་ སོ་སོའི་མོས་འདུན་ལྟར་སྩལ། རྗེ་མཁན་ཡེ་ཤེས་སེང་གེ་དང་ རྗེ་བསྟན་འཛིན་དོན་གྲུབ་ལུ་ བླ་མ་ཡང་ཏིག་གི་སྨིན་དབང་དང་ཟབ་ཁྲིད། ལྕེ་བཙུན་སྙིང་ཐིག་གི་སྨིན་དབང་དང་ཟབ་ཁྲིད་སོགས་ ཞིབ་པར་སྩལ་བ་ཡིད་ཚིམ་པར་གསན་གནང་ནུག།

དེ་སྐབས་རྗེའི་ཞལ་ལས་ཕ་ཇོ་སྡིངས་ལུ་ པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ་འདུག་ བརྙ་སྟེར་བ་ཅིན་ཟེར་གསུངསམ་ལས་ བརྙ་སྟེ་ཕུལ་བས་ཐུགས་མཉེས་ནུག། སྐབས་ཅིག་འབདཝ་ད་ རྗེའི་ཞལ་ལས་དཔེ་ཆ་འདི་ཚུ་ ང་གིས་ཚར་ལེ་ཤ་མཐོང་པའི་སྣང་བ་བྱུང་ཡི་ཟེར་གསུངསམ་ལས། རྗེ་བསྟན་འཛིན་དོན་གྲུབ་ཀྱིས་ བཀའ་འབུམ་དེ་ མཁན་ཆེན་ཤཱཀྱ་རིན་ཆེན་གྱིས་ཐུབ་བསྟན་གསེར་མདོག་ཅན་ལས་ གདན་དྲངས་དྲངསམ་ཨིན་མས་ དེའི་དུས་ལུ་གཟིགས་གཟིགསཔ་འོང་ཟེར་ཞུཝ་ད་ མཁན་ཆེན་ཤཱཀྱ་རིན་ཆེན་དང་ཁོ་ དབྱིངས་གཅིག་ཨིན་ཟེར་གསུངས་གནང་ནུག།

༧༽ སྐུ་གཤེགས་པའི་ཚུལ།[ཞུན་དག།]

རྒྱལ་ཡུམ་གྱིས། དིལ་མགོ་མཁྱེན་བརྩེ་དང་། བླ་མ་བསོད་ནམས་བཟང་པོ། རྫོང་གསར་མཁྱེན་སྤྲུལ་རིན་པོ་ཆེ་སོགས་ཞུས་ཏེ་ བརྟན་བཞུགས་འབུལ་རུང་འཚོའི་ཞལ་བཞེས་མ་ཐོབ་ལས་ སྟོན་པའི་འདས་ལོ་ཉིས་སྟོང་བརྒྱད་བརྒྱ་ལྔ་བཅུ་ཐམ་པ། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་ཐམ་པ། རབ་བྱུང་བཅུ་དྲུག་པའི་ནང་ ཚན་ལྕགས་ཕོ་ཁྱི་ལོའི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ལས་ གློ་བུར་ལྗགས་དབུགས་མི་བདེ་བའི་རྣམ་པ་ཙམ་བྱུངམ་ལས། གཞན་སྐུ་ལ་བསྙུན་གཟེར་སོགས་ ག་ནི་ཡང་མེད་པར་བཞུགས་པའི་མཐར།

ཚེས་ཉེར་གཉིས་ཆད་པའི་ཉེར་གསུམ་གྱི་སྔ་དྲོ་ ཆུ་ཚོད་བཅུ་གཅིག་མ་ལངམ་ཅིག་ཁར་ སྦྱིན་བདག་རྒྱལ་ཡུམ་ སྐུའི་དྲུང་ལུ་བསྙུན་འདྲི་བར་ བཅར་ ཡུད་ཙམ་བཞུགས་པའི་སྐབས་ལུ། རྗེའི་ཞལ་ནས་འབྲུ་འབག་ཤོག་ཟེར་གསུངས། འབྲུ་ཕོར་ཕུལ་བ་ཕྱག་གིས་འབྲུ་བཞེས་ཏེ་རྒྱལ་ཡུམ་ལུ་གནང་ཨོཾ་ཨཱཿཧཱུཾ། སྟོང་གསུམ་འཇིག་རྟེན་བྱེ་བྲག་ཕྲག་བརྒྱའི་ཞིང་༔སོགས་ཚིག་ འགོ་བཙུགས་གནངམ་ད་ སྐུ་མདུན་ཡོད་མི་རྣམས་ཀྱིས་མཉམ་གཅིག་མཎྜལ་ཕུལཝ་ད་ ད་རི་ང་གིས་ཁྲིད་མཇུག་བསྡུ་ནི་ཨིནམ་ལས་ ཁྱེད་རང་ཚུ་ཐུགས་བསྐྱེད་ལེགས་ཤོམ་སྦེ་གསལ་བཏབ་གསན་པར་ཞུ་ཟེར།

རྫོགས་པ་ཆེན་པོའི་མན་ངག་གི་གནད་ཐམས་ཅད་དྲིལ་བའི་ ངོ་སྤྲོད་ཆུ་ཚོུད་ཕྱེད་ཙམ་གྱི་བར་གནང་བའི་མཐར་ ཡུམ་ལུ་གཟིགས་ཏེ། ད་རེ་ཚུན་ནཱ་གིས་ང་ལུ་ཐུགས་ཀྱི་བརྩེ་བ་ རྒྱ་ཆེ་ས་ལས་གཟིགས་གནང་རུང་ ང་གིས་ཞབས་ཏོག་ག་ནི་ཡང་ཞུ་མ་ཚུགས། ཨིན་རུང་བསྔོ་སྨོན་ཞུ་གེ་ཟེར་གསུངས་སྟེ། རྒྱལ་ཡུམ་དང་འཁོར་རྣམས་གཟིམས་སྒོའི་ཕྱི་ཁར་ཕེབས་ ཉིན་མོའི་ཆུ་ཚོད་གཉིས་ལུ་སྐུ་དྲང་པོར་བསྲངས་ ཞབས་གཉིས་སེམས་སྐྱིལ་དང་ ཕྱག་གཉིས་སེམས་ཉིད་ངལ་བསོའི་ཕྱག་རྒྱ་བཅས་ སྤྱན་ནམ་མཁར་གཟིགས་ཏེ་ ཞལ་ལས་ཨ་ཟེར་གསུངས་བཞིན་ གཟུགས་སྐུ་མཚན་དཔེའི་འཇའ་ཚོན་ ཆོས་སྐུའི་མཁའ་དབྱིངས་ལུ་ཐིམ་སོང་ནུག།

དེའི་ཚེ་སྐུའི་དྲུང་ན་སྡོད་མི་ཚུ། ཀྱེ་མ་ལྷར་བཅས་འགྲོ་བའི་མཆོད་སྡོང་དེ་ཞིག། ཡོངས་རྫོགས་བསྟན་པའི་ཉི་མ་དེ་ནུབ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དེ་འགྱེལ། །བདག་ཅག་གི་ཆོས་ཀྱི་རྗེ་དེ་མྱ་ངན་ལས་འདས་སོ། །ཟེར་ག་ར་སྡུག་བསྔལ་གྱི་རང་བཞིན་ཅིག་ལུ་གྱུར་ཏེ། དེ་ལས་ཞག་བདུན་ཕྲག་གཅིག་གི་བར་ལུ་ སྐུ་འགུལ་བསྐྱོད་མེད་ ཞལ་རས་གཟི་མདངས་སྔར་ལས་ཆེ་བ་ སྐུ་དྲུང་ན་གནས་པ་རྣམས་ལ་ཐུན་གྲུབ་བྱུང་ནུག། གཞན་ཡང་ནམ་མཁའ་དྭངས་པའི་ངོས་ཀུན་ འཇའ་སྤྲིན་ལྷ་སྐུའི་རྣམ་པ་ལྟ་བུ་ ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱང་རིང་པོའི་བར་ འཕྲོ་བ་སོགས་རྟགས་མཚན་ག་ར་གིས་མཇལ་ཁ་ཞུ་ནུག།

དེའི་སྐབས་ མཆོག་དམན་ག་ར་བླ་མ་དྲན་པའི་དད་མོས་དང་ ངེས་འབྱུང་གི་མིག་ཆུ་ ཕྱག་མཆོད་གསོལ་འདེབས་ལུ་བརྩོན། དེ་ལས་བདུད་འཇོམས་རིན་པོ་ཆེའི་ཞབས་ནས་ འོད་གསལ་ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེང་བསྐུལ་ཞུ་ཆོག་པའི་བཀའ་ཤོག་ཕེབས་ལས། ཚེས་སུམ་ཅུའི་དྲོ་པ་ གྲུབ་དབང་བསོད་ནམས་བཟང་པོ་གིས་ སྐུ་གདུང་ཡིད་བཞིན་ནོར་བུའི་རྩ་བར་ཕེབས་ཏེ་ འོད་གསལ་ཆོས་ཀྱི་སྐུ་ལས་གཟུགས་སྐུར་བཞེངས་བསྐུལ་ཞུཝ་ཅིན་ ཐུགས་དམ་འོད་གསལ་ལས་བཞེངས་པའི་རྟགས་བྱུང་ནུག། སྐུ་གདུང་ཁྲུས་གསོལ་དང་ གསེར་ཕུལ་ལོངས་སྤྱོད་རྫོགས་པའི་ཆས་དང་ཕྱག་ལུ་ རྡོ་དྲིལ་ཕུལ་དེའི་སྤྱན་སྔར་མེ་ཏོག་ལ་སོགས་ མཆོད་པའི་བྱེ་བྲག་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ་ལྟར་བཤམས། བླ་སྤྲུལ་དང་དགེ་འདུན་བརྒྱ་ཕྲག་གིས་ ཚོགས་འཁོར་ཉིན་མཚན་སྦྲེལ་ཕུལ། དེ་ལས་སྐུ་གདུང་ཞུགས་འབུལ་ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གདན་འདྲེན་ཞུ་སྟབས་བདེཝ་ལས། སྐུ་གདུང་ཕུན་ཚོགས་གླིང་དགོན་པར་གདན་དྲངས། དེའི་སྤྱན་སྔར་མཆོད་པའི་བྱེ་བྲག་དང་ ཚོགས་ཀྱི་ཡོ་བྱད་དཔག་ཏུ་མེད་པ་བཤམས་ཏེ་ བླ་སྤྲུལ་དང་ཚངས་སྤྱོད་ངུར་སྨྲིག་འཆང་བ་ བརྒྱ་ཕྲག་གིས་ཚོགས་འཁོར་ཉིན་མཚན་དང་།

ཟླ་བཅུ་པའི་ཚེས་ལྔའི་ཉིན་ སྐུ་གདུང་རིན་པོ་ཆེ་མཆོད་པའི་བྱེ་བྲག་དང་ ཚོགས་ཀྱི་ཡོ་བྱད་མཆོད་རྫས་དང་བསྲེག་རྫས་བཤམས་ཏེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཚོགས་དབུར་བཞུགས་པའི་ དགེ་འདུན་བརྒྱ་ཕྲག་གིས་ སྨིན་གླིང་རྡོར་སེམས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་མཆོད་པས་མཉེས་པར་མཛད། རྫོང་གསར་མཁྱེན་སྤྲུལ་རིན་པོ་ཆེ་ཚོགས་དབུར་བཞུགས་པའི་ དགེ་འདུན་འདུས་པའི་ཚོགས་ཀྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ མཆོད་པས་མཉེས་པར་མཛད། རྒྱལ་ཡུམ་གོས་དཀར་མོའི་རང་བཞིན་སྤོས་ཀྱི་མེ་མཆོད་མཆོད་རྫས་དང་ བསྲེག་རྫས་རྣམས་རིམ་པར་འབུལ་བའི་ཉིན་མར་ ནམ་མཁའ་གཡའ་དག་པའི་དཀྱིལ་ལུ་འཇའ་སྤྲིན་དཀར་པོ་གདུགས་དབྱིབས་འདྲཝ་ཅིག་ ཉིནམ་གང་ཤར་བ་དེ་ཁར་བཞུགས་མི་ག་ར་གིས་མཇལ་ནུག།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   རྗེ་བཙུན་བསྟན་འཛིན་དོན་ཀུན་གྲུབ་ཀྱི་རྣམ་མཐར།

༢༽ སྤོ་ལོ་མཁན་རིན་པོ་ཆེ།